དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རྨང་གཞི་བརྟན་གཏོང་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་མཐུན་སྦྱོར་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་ལས་དོན་རུ་ཁག་5451གིས་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱ་ཡུལ་གྲོང་ཚོ (ཡུལ་མི )ཨུ་ལྷན་དུ་བསྐྱོད་དེ་ལས་དོན་སྤེལ་ནས་རང་ལྗོངས་ཀྱི་ལོ་རྒྱུས་ཐོག་གཞི་རིམ་ལས་དོན་རུ་ཁག་ཕྱོགས་ཡོངས་ནས་ཁྱབ་པ་བྱ་རྒྱུ་ཐོག་མར་མངོན་འགྱུར་བྱུང་བ་དེས་གཞི་རིམ་གྱི་བརྟན་ལྷིང་རྨང་གཞི་སྔར་བས་བརྟན་དུ་དང་ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་མ་ཐེབས་ངེས་ཡིན་པ་རེད། ད་ཐེངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ནང་ལྷོ་ཁ་ས་ཁུལ་གྱིས་ཁྱོན་ལས་དོན་རུ་ཁག་504བཀོད་སྒྲིག་བྱས་པ་རེད།

        མཚོ་སྨད་རྫོང་ཙོང་ཙོང་གྲོང་ཚོར་བཅའ་སྡོད་ལྗོངས་བཟོ་ཚོང་ཅུས་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན་གཞི་རྩའི་གནས་ཚུལ་ནན་ཏན་ངང་ཁོང་དུ་ཆུད་པ་བྱས་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་འཚམས་འདྲི་བྱས་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

        འཕྱོངས་རྒྱས་རྫོང་བཀྲ་ཤིས་གྲོང་ཚོ་དང་ཐག་རིང་གྲོང་ཚོ་ནི་ཞིང་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་འབྱོར་རྗེས་འཚམས་འདྲི་དང་བརྟག་ཞིབ་བྱས་པ་དང་ས་གནས་དེ་གའི་ཤང་གྲོང་ལས་བྱེད་པ་དང་བཞུགས་མོལ་བྱས་ཁར་ཚན་པར་སྙན་ཞུ་ཕུལ་བ་བརྒྱུད་ཡུར་བུ་གསར་སྐྲུན་དང་ཆུ་རགས་བརྟན་དུ་བཏང་ནས་གྲོང་ཚོའི་ཞིང་ཆུ་འདྲེན་ནུས་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ལས་དོན་རུ་ཁག་གིས་ད་དུང་གྲོང་ཚོའི་གྲོས་ཚོགས་དང་བྱེད་སྒོ་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་དང་མཉམ་སྡེབ་ལུག་ཚང་གསར་སྐྲུན་ནམ་ཡང་ན་ལེགས་བཅོས་དང་དེ་བཞིན་གྲོང་ཚོ་ཨུ་ལྷན་གྱི་སྤྱི་པའི་གྲོན་དངུལ་དཀོན་པ་དང་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་མི་འདང་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

        ཟླ་10ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་པ་ཙམ་ལ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་གཏུག་ས་ཚིགས་ཏེ་གྲ་སྣང་རྫོང་དཀྱིལ་རུང་ཤང་རོག་གྲོང་ཚོའི་གྲོང་མི་བློ་གྲོས་ལ་གློ་བུར་དུ་ནད་ཕོག་ནས་གྲོང་ཚོའི་ཀྲུའུ་རེན་དཔལ་འབྱོར་གྱིས་ལས་དོན་རུ་ཁག་ལ་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ཞིང་། ཁ་པར་འབྱོར་རྗེས་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་ཁུའེ་ཁྲེན་གྱིས་རུ་མིའི་སྣེ་ཁྲིད་དེ་འཕྲལ་མ་ཉིད་དུ་རླངས་འཁོར་བཏང་ནས་ནད་པ་སྨན་ཁང་དུ་བསྐྱལ། ཧ་ལམ་ཆུ་ཚོད་5ཙམ་སོང་རྗེས་ནད་པའི་ནད་གཞི་ཅུང་དྲག་ཏུ་ཕྱིན་པ་རེད།

        ལྷོ་ཁ་ས་ཁུལ་གྱིས་ལས་དོན་རུ་ཁག་ལ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་ངང་དོན་འཁྱོལ་བྱས་ནས “གྲལ་བཤེར་གཉིས ”ཀྱི་རྩིས་ཁྲ་བཟོས་ཏེ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་དང་འབྲེལ་མང་ཚོགས་ཀྱིས “གོང་ལ་ཞུ་གཏུག་བྱེད་པ ”ཡོང་བ་ནས་ལས་བྱེད་པ “གཤམ་དུ་བསྐྱོད་པ ”གྱུར་བ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ཁྱབ་ཁོངས་ནང་གི་དགོན་སྡེ་དང་གྲྭ་བཙུན་རྣམས་ལ་དོ་དམ་དང་ཞབས་ཞུ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་དགོན་སྡེ་གཞི་རྩའི་བརྟན་ལྷིང་ཡིན་པ་ནས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དོ་དམ་གསར་གཏོད་ལ་སྐུལ་འདེད་བཏང་ནས་མཐུན་སྦྱོར་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད།

        གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས། བདེ་འཇགས་དོ་དམ་ཅུས། གློག་ཤུགས་ཀུང་སི། མཐའ་སྲུང་ཉིང་ལག་རུ་ཁག ཆུ་གསུམ་རྫོང་སོགས་ལས་དོན་རུ་ཁག་ས་ཚིགས་སུ་བསྐྱོད་རྗེས་བཞུགས་མོལ་དང་། འཚམས་འདྲི། བརྟག་ཞིབ་སོགས་བྱེད་ཐབས་སྤྱད་ནས་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་པ་དང་ཞིང་ནང་དུ་བསྐྱོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ་དང་། དམངས་འཚོའི་སྐོར་གྱི་རེ་བ་ནན་ཏན་ཉན་པ། མང་ཚོགས་ཀྱི་བདེ་སྡུག་དངོས་སུ་མྱོང་བ། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་དཀའ་གནད་དང་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་དུས་ཐོག་དང་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ། འགལ་བ་དང་རྩོད་གཞི་སྣ་ཚོགས་མེད་པ་བཟོ་བ་བཅས་བྱས་པ་རེད།

        ནག་ཆུ་དང་ཆབ་མདོ་སོགས་ས་ཁུལ་གྱི་ལས་དོན་རུ་ཁག་གིས་ད་དུང་གཞི་རིམ་གྱི་བདེ་འཇགས་སྲུང་སྐྱོང་དང་འདུམ་འགྲིག་སོགས་རྩ་འཛུགས་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱས་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་དང་ཡིག་སྐུར་ངོ་བཅར་གྱི་མངོན་མེད་རྐྱེན་ངན་སོགས་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གྲལ་བཤེར་བྱས་ནས་ཐག་གཅོད་བྱས་པ་དང་ལྷག་དོན་དུ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་རྩྭ་ར་དང་། ཆུ་ཁུངས། ཆུ་འདྲེན་སོགས་གནད་དོན་དང་དེ་བཞིན་ཁྱིམ་ཚང་གི་རྩོད་གཞི་ཐག་གཅོད་བྱས་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཇུས། སྔ་ཙམ་ཐག་གཅོད་བཅས་བྱེད་ཐུབ་པ་བྱས་པ་དང་མང་ཚོགས་ལ་སྲིད་ཇུས་དང་ཁྲིམས་སྲོལ་སྐོར་གསལ་འགྲེལ་བྱེད་པ་དང་། ཁེ་གྱོང་དང་ཡིན་མིན་གསལ་བཤད་བྱེད་པ། ལས་ཀའི་བྱེད་ཐབས་སྟབས་བསྟུན་ཡོང་བ་བྱེད་པ། འབྱུང་རྩ་དང་རྩ་བ་ནས་དམ་འཛིན་བྱ་རྒྱུར་སྣང་འཇོག་བྱེད་པ་བཅས་བྱས་ནས་འགལ་བ་ཇེ་སྡུག་དང་སླར་ཡང་མི་ཐོན་པ་བྱས་ཏེ་འགལ་བ་དང་རྩོད་གཞི་དེ་གཞི་རིམ་དུ་མེད་པ་བཟོས་ནས་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་མཐའ་དག་ཐོན་མ་ཐག་ནས་མེད་པ་བཟོས་ཏེ “གནད་དོན་ཆུང་ངུ་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་། དོན་ཆེན་ཤང་གྲོང་ནས་ཐག་གཅོད་ཐུབ་པ། འགལ་བ་གོང་ལ་མི་སྤྲོད་པ ”བཅས་ཡོང་བ་བྱས་ཐོག་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་མཐུན་སྦྱོར་གྱི་རྒྱུ་རྐྱེན་བཏོད་པ་དང་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་མཐུན་སྦྱོར་མིན་པའི་རྒྱུ་རྐྱེན་མེད་པ་བཟོས་ནས་གཞི་རིམ་མཐུན་སྦྱོར་དང་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།