བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།
གྲོང་ཚོར་བཅའ་སྡོད་ལྗོངས་རྩིས་བཤེར་ཐིང་གི་ལས་དོན་རུ་ཁག་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོར་སླེབས་རྗེས་འཕྲལ་མ་ཉིད་དུ་གྲོང་ཚོའི་ལས་བྱེད་པ་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་ཏེ་མང་ཚོགས་ཀྱི་བསམ་འདུན་ཤེས་རྟོགས་གང་ལེགས་བྱས་ཐོག་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་འཕེལ་རྒྱས་ཆེད་ཐབས་དང་ཇུས་བཏོན་པས་མང་ཚོགས་ཀྱི་དགའ་བསུ་མགྲིན་གཅིག་ཏུ་ཐོབ་པ་རེད། ད་ཆ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བདེ་ཆེན་སྡེ་ཁུལ་གྱི་ཡུལ་མི་35ལ་སློབ་ཡོན་མི་དགོས་པའི་སྒོ་ནས་ཁ་ལོ་བའི་གསོ་སྦྱོང་བྱས་པ་དང་དུས་མཚུངས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་སྡེ་ཁུལ་གྱི་བེད་མེད་རང་སོར་བཞག་པའི་སྔོ་ཚལ་དྲོད་ཁང་ཆེན་པོ་50ལྷག་ཙམ་ལ་ཆུ་མི་འདང་བའི་གནས་ཚུལ་ཐད་བརྟག་དཔྱད་བྱས་པ་དང་འབྲེལ་ཞིང་ནང་ཆུ་བེད་ཀྱི་རྣམ་གྲངས་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱས་པ་རེད།
གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་རྒྱ་མཚོ་ཤང་གླ་ཡ་གྲོང་ཚོ་དང་སྤེ་སྐྱ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་ཆེད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མགྱོགས་མྱུར་ངང་བསམ་ཕྱོགས་གསལ་བཟོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་ཐོག་གྲོང་ཚོ་གཉིས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་དང་གཙོ་གནད་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད། ཟླ་10ཚེས་19ཉིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱ་མཚོ་ཤང་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་གྲོང་ཚོ་གཉིས་ཀྱི “ཨུ་ལྷན་གཉིས ”དང་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་ལས་དོན་རུ་ཁག་གི་རུ་མིས་ཤང་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཚོ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་འོག་གྲོང་ཚོ་གཉིས་ཀྱི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་པའི་རྨང་གཞིའི་ཐོག་ལས་ཀའི་དམིགས་ཚད་དང་ལས་འགན་གསལ་བཟོ་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་རིང་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་ཏང་གི་ཐུགས་འཁུར་དང་དྲོ་སྐྱིད་ཞིང་ནང་དང་མུ་ཁ་དང་གཞི་རིམ་མང་ཚོགས་ཀྱི་སེམས་ནང་འཁྱོལ་ཐབས་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཟླ་10ཚེས་17ཉིན་ལྗོངས་ནོར་སྲིད་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོར་བཅའ་སྡོད་བྱས་རྗེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚལ་སྣ་གྲོང་ཚོའི་དཔལ་འབྱོར་དང་དམངས་འཚོ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་རགས་ཙམ་ཐུབ་པ་དང་གྲོང་ཚོ་དེའི་ཉི་སྦུག་ལུང་ཤུར་གི་འབྲུབ་འགོག་ཆུ་རགས་དང་། བྱ་གསོ་ར་བ། མུའུ་65ཡོད་པའི་ལྗང་ཕྲུག་རྟེན་གཞི་འཛུགས་སྐྲུན། མུའུ་130ཡོད་པའི་ཞིང་ཁ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་ལ་དགོས་མཁོ་ཆེ་བའི་རྣམ་གྲངས་ལ་གཞིགས་ཏེ་སྤྱོད་གོ་ཏན་ཏིག་ཆོད་པའི་རྣམ་གྲངས་འཆར་འགོད་དང་འཕེལ་རྒྱས་འཆར་འགོད་འདོན་རྒྱུ་མ་ཟད། འབྱུང་འགྱུར་ལོ་གཅིག་གི་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་ལས་ཀའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་ཧུར་ཐག་ངང་བསྒྲུབས་ཐོག “མི་སེར་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ ”དེ་ཚད་བརྒལ་སར་བྱས་ནས་མང་ཚོགས་ཀྱི “གྲོགས་པོ་བློས་ཐུབ ”དང “གོ་ཆོད་མི་སྣ ”ཞིག་ཏུ་ཧུར་ཐག་ངང་གྱུར་བ་བྱས་ཏེ་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཉིང་ཁྲི་ས་ཨུད་དྲིལ་བསྒྲགས་པུའུ་ཡི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཉིང་ཁྲི་རྫོང་སྨན་རི་ཤང་མི་ཉག་སྨད་གྲོང་ཚོར་སླེབས་རྗེས་བཅའ་སྡོད་བྱེད་ཡུལ་ས་ཚིགས་དང་གྲོང་ཚོའི་རྣམ་པ་དང་གྲོང་ཚོའི་འགྲོ་ལམ་སྒྱུར་བཀོད་དང་འཛུཌ་སྐྲུན་བྱེད་རོཌ་བྱས་ཏེ་མང་ཚོཌལ་དཀའ་ངལ་སེལ་རོཌ་ཏན་ཏིག་བྱས་ཐོག་ཁོང་ཚོར་ཕྱུག་འགྱུར་བྱེད་རོགས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ལས་དོན་རུ་ཁག་གི་ཏུའེ་ཀྲང་ལུའུ་ཤིན་གྱིས “མི་ཉག་སྨད་གྲོང་ཚོ་ནི་ང་ཚོ་རང་ཉིད་ཀྱི་ཁྱིམ་ཡིན་པ་དང་ང་ཚོའང་མི་ཉག་སྨད་གྲོང་ཚོའི་ཁོངས་མི་ཞིག་ཡིན། ང་ཚོ་རུ་མི་ཚང་མས་མང་ཚོགས་དུད་ཚང་3ནས་5བར་དང་འབྲེལ་བ་བྱས་ཏེ་མང་ཚོགས་དང་མཉམ་ཟ་དང་། མཉམ་སྡོད། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་ངལ་རྩོལ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ལ་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་ཐོག་སེམས་ནུས་གང་ཡོད་ཀྱིས་མང་ཚོགས་ལ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབ་རྒྱུ་ཡིན ”ཞེས་བཤད་པ་རེད།
སྟོན་དུས་སུ་སླེབས་པའི་གངས་ལྗོངས་ས་མཐོར་ལས་བྱེད་པ་དང་མང་ཚོགས་རེ་རེ་བཞིན་གྱིས་བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱེད་པའི་ཚ་ཚ་འུར་འུར་གྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལས་དོན་རུ་ཁག་སླེབས་པས་འདི་ལོའི་དགུན་དུས་དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།