བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།
ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་དམིགས་ཚད་བླང་བྱ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་རྩོད་ནུས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་པོ་ཡིན་པ། ལས་བརྩོན་ཕྱུག་འགྱུར་གྱི་རྣམ་པ་སྔར་བས་ཆགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཆེས་ཆེར་འཕར་བ། དམངས་འཚོའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། ལས་བྱེད་པའི་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་ཡིན་པ། མི་རིགས་མཐུན་སྒྲིལ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་བཅས་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱེད་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་འགན་ལེན་བྱེད་པ་བཅས་ཀྱི་མཉམ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས་པ་དེ་ཡིན།
ད་ཐེངས་ཀྱི་བྱེད་སྒོའི་ནང་དོན་གཏིང་ཟབ་པོ་ཡོད་པ་སྟེ། གཅིག་ནི་དར་ཆ་མཐོན་པོར་སྒྲེང་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་འདུ་ཤེས་བརྟན་པོ་བཙུགས་པ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གཉིས་ནི་གཙོ་རྐང་གཅིག་ལ་ཁྱབ་པ་བྱེད་དགོས་པ་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་གཙོ་རྐང་ལ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པ་དང་། གཞི་རིམ་དུ་ལག་བསྟར་བྱེད་པ། གཞི་རིམ་དུ་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས་པ། གསུམ་ནི་བརྗོད་བྱ་གཙོ་བོ་གཅིག་ལ་དམ་འཛིན་བྱེད་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་གཞི་རིམ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བ་དང་། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ་གཞི་རིམ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། དུས་བབ་བརྟན་ལྷིང་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་ཡོང་ཆེད་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་དང་། སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ། རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཅས་འདིང་དགོས་པ། བཞི་ནི་ལྟེ་བ་གཅིག་ལ་དམིགས་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུའི་ལྟེ་བར་དམིགས་ཏེ་མང་ཚོགས་གཉེན་ཉེ་ལྟ་བུར་བརྩིས་ནས་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩི་བ་དང་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཅངས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ་ཏང་གི་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། ལྔ་ནི་གཙོ་གནད་གཅིག་དམ་འཛིན་བྱེད་དགོས་པ་སྟེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཙོ་གནད་དེར་དམ་འཛིན་བྱས་ནས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་རེ་བ་ཉན་པ་དང་། མང་ཚོགས་ཀྱི་རེ་འདོད་དངོས་སུ་མཚོན་པ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ལ་ལྷག་བསམ་རྣམ་དག་གིས་སེམས་ཁུར་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་རེད།