དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མང་ཚོགས་ཀྱི་བདེ་སྡུག་སེམས་དབུས་སུ་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        གཞིས་རྩེ་ངམ་རིང་རྫོང་བདེ་ཤར་གྲོང་ཚོར་བཅའ་སྡོད་ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིའི་ལས་དོན་ཚོགས་ཆུང་གྲོང་ཚོར་བསྐྱོད་རྗེས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ལ་དགོས་མཁོ་གང་ཡོད་པ་དེ་སྒྲུབ་པ་བཅས་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཏེ་སྲིད་ཇུས་སྒྲོག་འགྲེལ་བྱེད་ཚད་100%དང་། མང་ཚོགས་ལ་འཚམས་འདྲི་བྱེད་ཚད་100% གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ནང་ཞུགས་ཚད་100%བཅས་ཟིན་པའི་འགན་ལེན་བྱས་པས་བདེ་ཤར་གྲོང་ཚོའི་གྲོང་མི་ཚོས “མང་ཚོགས་ཀྱི་དོན་དུ་དངོས་འབྲེལ་བྱ་བ་སྒྲུབ་མཁན་ལས་དོན་ཚོགས་ཆུང ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།

        གྲོང་ཚོར་བཅའ་སྡོད་མ་བྱས་གོང་ཀུང་སིས་བདེ་ཤར་གྲོང་ཚོར་གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་བྱེད་པར་བསྐྱོད་དེ་མཐོང་ཐོས་མྱོང་སྒྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ་བྱས་པ་དང་ཏང་ཨུད་ཀྱི་ཚོགས་འདུ་འཚོགས་ནས་ཆེད་མངགས་བཀོད་སྒྲིག་བྱས་པ་རེད། ལས་དོན་ཚོགས་ཆུང་ལ་ཀུང་སིས་ཆབ་སྲིད་སྒྲིག་ཁྲིམས་དང་གྲོང་ཚོར་བཅའ་སྡོད་ལས་ཀའི་སྒྲིག་ཁྲིམས་ནན་པོ་ཡོང་བ་དང་ཞིང་འབྲོག་པ་དང་མཉམ་ཟ་དང་། མཉམ་སྡོད། མཉམ་དུ་ལས་ཀ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས “ནུས་པ་ལེགས་སྐྱེས་འབུལ་བ་དང་མཐུན་སྦྱོར་གཏོད་པའི ”ཁེ་ལས་ཀྱི་དམིགས་ཡུལ་ལག་ལེན་བསྟར་ནས་ཀྲུང་གོ་རྡོ་སྣུམ་གྱི་ཏང་ཡོན་ལས་བྱེད་པའི་གཟུགས་བཪྙན་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

        ཏང་གི་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱ་ཆེད་སྒྲོག་འགྲེལ་མ་བྱས་གོང་ལས་དོན་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ་དང་སྒྲོག་འགྲེལ་བྱེད་རིང་ཐབས་ཤེས་དང་བྱ་ཐབས་ལ་དོ་སྣང་བྱས་ཡོད། ཟླ་བ་ཁ་ཤས་རིང་སྐུལ་སློང་ཚོགས་ཆེན་དང་། གྲོང་མིའི་ཚོགས་ཆེན། ཚོགས་ཆུང་གི་ཚོགས་འདུ་བཅས་འཚོགས་པ་དང་ཞིང་དུད་དང་དགོན་སྡེར་བསྐྱོད་དེ་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཐེངས་90ཙམ་སྒྲོག་འགྲེལ་བྱས་པ་རེད།

        ལོ་གཅིག་འཆར་གཞི་གྲུབ་མིན་དཔྱིད་ཀར་ཐུག ཟླ་བ་གསུམ་པའི་ཟླ་དཀྱིལ་དུ་བདེ་ཤར་གྲོང་ཚོའི་མང་ཚོགས་ཕལ་ཆེ་བས་འདི་ལོའི་དཔྱིད་འདེབས་ལ་མཁོ་བའི་སོན་བཟང་ཁ་ཐང་བར་སེམས་ཁྲལ་བྱེད་སྐབས་ལས་དོན་ཚོགས་ཆུང་གིས་འཕྲལ་མར་པ་སྣམ་རྫོང་དཔལ་ཚལ་ཤང་དུ་བསྐྱོད་དེ་ནས་ཀྱི་སོན་བཟང་རྒྱ་མ་8049བསྡུ་རུབ་བྱས་ནས་བདེ་ཤར་གྲོང་ཚོའི་མང་ཚོགས་ལ་དཔྱིད་འདེབས་ཀྱི་སོན་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

        བདེ་ཤར་གྲོང་ཚོ་དེ་ཡོངས་ཀྱི་སྤྱིའི་རྨོ་ཞིང་རྒྱ་ཁྱོན་མུའུ་454ཟིན་པ་དང་མི་རེར་རྨོ་ཞིང་རྒྱ་ཁྱོན་མུའུ་1.91ལས་མེད་པ་དང་། མི་མང་ཞིང་ས་ཞིང་ཉུང་བ། ས་རྒྱུ་ཞན་པ་བཅས་ཀྱི་རྐྱེན་པས་མུའུ་རེར་འབྲུ་རིགས་ཆ་སྙོམས་ཐོན་ཚད་རྒྱ་མ་260ལས་ཟིན་གྱི་མེད། དཔྱིད་དབྱར་བརྗེ་མཚམས་སུ་གྲོང་མིར་འབྲུ་རིགས་ཆད་པའི་གནས་ཚུལ་ཐག་གཅོད་བྱ་ཆེད་ལས་དོན་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་8ཙམ་གྲབས་གསོག་བྱས་ནས་བཟའ་འབྲུ་རྒྱ་མ་42840ཉོས་ཏེ་གྲོང་མིའི་ལག་ཏུ་སྤྲད་པ་རེད།

        “གཞན་བརྟེན ”ལས “རང་བརྟེན ”བྱས་ན་དགའ། མང་ཚོགས་ཀྱི་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་དང་གནམ་ཆུར་བརྟེན་ནས་འཚོ་བ་སྐྱེལ་མཇུག་འགྲིལ་རོགས་བྱ་ཆེད་ལས་དོན་ཚོགས་ཆུང་གིས་རྫོང་ཆུ་བེད་ཅུས་དང་། ས་ཁུལ་ཆུ་བེད་ཅུས། ཀུང་སི་བཅས་དང་མཐུན་སྦྱོར་བྱེད་པར་ཆེད་མི་མངགས་གཏོང་བྱས་པ་དང་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་ཀྱིས་མ་དངུལ་བརྩོན་ལེན་བྱས་པ་རེད། ཀུང་སིས་སྔོན་རྩིས་མ་བརྒྱབ་པའི་གནས་ཚུལ་འོག་མ་དངུལ་སྒོར་ཁྲི་75བཏོན་ནས་ཆུ་གསོག་རྫིང་བུ་བསྐྲུན་རྒྱུའི་རྣམ་གྲངས་གཏན་འཁེལ་བྱས་པ་རེད། ཚོད་རྩིས་བྱས་པར་གཞིགས་ན། ཆུ་གསོག་རྫིང་བུ་བསྐྲུན་ཟིན་རྗེས་དཔལ་འབྱོར་ལོ་ཏོག་གི་ཐོན་རྫས་རིན་ཐང་སྒོར་ཁྲི་13.6ཟིན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་500ཡོང་རྒྱུ་རེད།

        བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་འགན་ལེན་ལྔའི་དུད་ཚང་དང་མི་ཧྲེང་རྒན་རྒོན་ལ་ཟ་འབྲུ་ཆད་པའི་གནས་ཚུལ་ལ་དམིགས་ནས་ལས་དོན་ཚོགས་ཆུང་གིས་སྒོར་5000ཞལ་འདེབས་བརྒྱབ་ནས་རོགས་རམ་བྱས་པ་དང་དུས་མཚུངས་སྒོར་12000གྲབས་གསོག་བྱས་ནས་ཟ་འབྲུ་སོགས་འཚོ་བའི་ཐད་ཀྱི་དགོས་ངེས་མཁོ་ཆས་དང་ཐོན་སྐྱེད་རྒྱུ་ཆ་ཉོས་པ་རེད། ཀུང་སིས་ད་དུང་ལས་བཟོ་སྒྲིག་འཛུགས་བྱས་ནས་ཞལ་འདེབས་བརྒྱབ་སྟེ་རིན་ཐང་སྒོར་ཁྲི་19ཙམ་རི་བའི་འཚོ་བའི་མཁོ་ཆས་ཉོས་ནས་བདེ་ཤར་གྲོང་ཚོའི་གྲོང་མིར་སྤྲད་པ་རེད།

        གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཀྲང་ཧྲེན་ཧུའུ་ལས་ཀའི་དགོས་མཁོས་རྐྱེན་པས་རང་ཉིད་ཀྱི་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། ཁོང་གིས་གཉེན་སྒྲིག་ག་དུས་བྱས་ཀྱང་རུང་། འོན་ཀྱང་མི་སེར་གྱི་དཀའ་ངལ་ཐག་གཅོད་བྱ་རྒྱུ་ནར་འགྱངས་བྱས་ན་མི་འགྲིག་ཅེས་ཤོད་ཀྱི་ཡོད། ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་རིང་དངོས་གྲུབ་གྲོང་ཚོར་བཅའ་སྡོད་མ་བྱས་གོང་ནད་གཞིས་རྐྱེན་པས་སྨན་ཁང་དུ་བསྡད་པ་དང་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྒྲུབ་འགོ་ཚུགས་རྗེས་ཁོང་གིས་སྨན་བཅོས་བྱེད་ཞོར་དུ་ལས་དོན་བསྒྲུབ་རྒྱུའི་གཙོ་འགན་འཁུར་ཡོད། ས་གནས་ཀྱི་མང་ཚོགས་ཚང་མས “ཁོང་ནི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་ཙུའུ་ཀྲང ”ཞིག་རེད་ཅེས་བརྗོད་ཀྱི་ཡོད། “མང་ཚོགས་ཀྱི་ལས་ཀ་དེ་ང་ཚོའི་ལས་ཀ་དང་མཚུངས་ལ་མང་ཚོགས་ཀྱི་ལས་ཀ་དེ་ང་ཚོའི་ལས་ཀ་ལས་ལྷག་པ ”དེ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་གྲོང་ཚོར་བཅའ་སྡོད་བྱེད་རིང་བྱུང་བའི་ཐུན་མོང་གི་ངོས་འཛིན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།