བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།
ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་གཏིང་ཟབ་སྤེལ་ནས་མངའ་རིས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་5རུ་བསྐྱོད་དེ་དུས་ཡུན་ལོ་གསུམ་གྱི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིམ་ཁག་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ་དུས་འགོའི་གྲ་སྒྲིག་ལས་དོན་ཞིབ་ཚགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དམིགས་ཚད་གསལ་པོ་བྱུང་ནས་གཅིག་མཇུག་གཉིས་མཐུད་ངང་བྱ་སྤྱོད་སྤེལ་བ་དང་གངས་ལྗོངས་ས་མཐོའི་གཞི་རིམ་དུ་རྩ་བ་ཚུགས་ནས་ཡངས་ཤིང་རྒྱ་ཆེ་བའི་གཞི་རིམ་དུ་གཞི་རིམ་གྱི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང། མཉམ་དུ་ངལ་རྩོལ་བཅས་བྱས་ནས་གཞི་རིམ་གྱི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་རེད།
ཚེས་18 ཉིན་གྱི་སྔ་དྲོ་ལྷོ་ཁ་ས་ཨུད་ཀྱི་སྒོ་ར་ཆེ་མོ་དང་། ས་ཁུལ་སྤྱི་བདེ་ཁྲུའུ། ས་ཨུད་དྲིལ་བསྒྲགས་པུའུ། ས་ཁུལ་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་སོགས་སུ་ས་ཁུལ་དེ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་504 ཡི་ལས་བྱེད་པ་ 2000 ལྷག་ཙམ་གྱིས་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ (ཨུ་ལྷན )504 རུ་བསྐྱོད་དེ་ཡུལ་དེའི་མང་ཚོགས་དང་མཉམ་དུ་ལས་ལམ་གསར་འབྱེད་བྱེད་པ་དང་སྙིང་རུས་ཆེན་པོས་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་གཞི་རིམ་འཕེལ་རྒྱས་དང་གཞི་རིམ་བརྟན་དུ་གཏོང་བའི་བརྗིད་ཆེའི་བྱ་བ་ཞིག་ཐུན་མོང་ཐོག་བསྒྲུབ་རྒྱུ་ཡིན་པ་རེད།
བྱེད་སྒོར་ཕན་པ་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་ལྷོ་ཁ་ས་ཁུལ་གྱིས་ཆེད་མངགས་འགོ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་པ་དང་དེའི་གཤམ་དུ་ཕྱོགས་བསྡུས་ཚོགས་ཆུང་དང་། མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཆུང་། གསར་འགྱུར་གནད་བསྡུས་དྲིལ་བསྒྲགས་ཚོགས་ཆུང་། རྣམ་གྲངས་ཚོགས་ཆུང་། སྐོར་ཞིབ་ཚོགས་ཆུང་བཅས་བཙུགས་ནས་ས་ཁུལ་དེ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། སྐུལ་འདེད་བཅས་བྱ་རྒྱུའི་འགན་ཁུར་བ་རེད།
ཚེས་17 ཉིན་གྱི་སྔ་དྲོ་གཞིས་རྩེ་ས་ཁུལ་གྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྡོག་ཐོན་མཛད་སྒོ་འཚོགས་པ་དང་ས་ཁུལ་དེའི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་གཞི་རིམ་དུ་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་བྱས་ཐོག་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བའི་མཐོ་རླབས་ཤིག་མྱུར་དུ་འཕྱུར་བ་བྱ་རྒྱུ་ཡིན་པ་རེད།
ལས་དོན་རུ་ཁག་རྡོག་ཐོན་མ་བྱས་གོང་ས་ཁུལ་སྲིད་འཛིན་ཀུང་ཧྲུའི་དྲུང་ཆེ་སྲིད་འཛིན་ཀུང་ཧྲུའི་གཞུང་དོན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱིན་ལི་ཧྲེང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5ཡི་སྣེ་ཁྲིད་དེ་རྣམ་གླིང་རྫོང་ནུ་མ་ཤང་གི་ནུ་མ་གྲོང་ཚོ་དང་། སྙུག་གུ་གྲོང་ཚོ། ཐང་གྲོང་གྲོང་ཚོ། དགའ་ཚང་གྲོང་ཚོ། བཀྲས་གཤོང་གྲོང་ཚོ་བཅས་གྲོང་ཚོ་5ཡི་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་གྲོང་ཚོའི་ནང་གི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་སྲིད་འཛིན་ཀུང་ཧྲུའུ་གཞུང་དོན་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྤེལ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5ཡི་སྣེ་ཁྲིད་ནས་གཞིས་རྩེ་གྲོང་ཁྱེར་ཆུ་མིག་ཤང་གི་ལྷ་ཆུང་གྲོང་ཚོ་དང་། ལྷ་ཁུད་གྲོང་ཚོ། བ་རློན་གྲོང་ཚོ་བཅས་དང་དེ་བཞིན་རྒྱ་མཚོ་གཞུང་ཤང་གི་ཚོང་གཞུང་གྲོང་ཚོ་དང་དར་རྒྱས་གྲོང་ཚོར་ཁག་བགོས་ཀྱིས་བརྟག་ཞིབ་ཀྱི་ལས་དོན་སྤེལ་བར་བསྐྱོད་པ་རེད། བ་རློན་གྲོང་ཚོར་ལས་དོན་རུ་ཁག་དང་བཅས་པས་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་ལ་འཚམས་འདྲི་བྱས་པ་མ་ཟད་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།
ས་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་སྔོན་ལ་དང་ལེན་ཞུས་ཏེ་ལས་དོན་རུ་ཁག་5བཙུགས་ནས་པ་སྣམ་རྫོང་ཆུ་ནུབ་ཤང་གི་མཐུན་སྒྲིལ་གྲོང་ཚོ་དང་། སྨད་ཚོ་གྲོང་ཚོ། བསམ་གླིང་གྲོང་ཚོ། ས་དཀར་གྲོང་ཚོ། སེབ་གྲོང་ཚོ་བཅས་སུ་བཅའ་སྡོད་བྱས་པ་མ་ཟད་ལས་དོན་རུ་ཁག་ཁག་གི་ཁོངས་མིར་ལས་ཀའི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། ཐབས་ཇུས་དང་ནུས་ཤུགས་ཧུར་ཐག་འདོན་པ། ལས་རོགས་དང་ཇུས་འདོན་ཡག་པོ་བྱེད་པ་བཅས་བྱས་ཏེ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོར་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཕྲོད་བསྟེན་ལས་དོན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཏང་འཛུགས་སྐྱོང་དང་། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་བཙའ། མ་བུ་འཕྲོད་སྦྱོར། མིག་ནད་ཚན་ཁག་ཞབས་ཞུ། བདེ་ཐང་སློབ་གསོ་སོགས་ཐད་ནས་འགོ་བཙུགས་ཏེ་གྲོང་མིའི་ཆེད་བྱ་བ་དངོས་སྒྲུབ་པ་དང་ཁེ་ཕན་དངོས་འཚོལ་རོགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ས་ཁུལ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཞི་རིམ་གྱི་དོན་དངོས་གནས་ཚུལ་མགྱོགས་མྱུར་ཤེས་རྟོགས་བྱས་ནས་བབ་མཐུན་གྱི་ལས་ཀའི་འཆར་འགོད་དང་དམིགས་ཚད་བཟོས་ཏེ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་ཡག་པོ་སྤེལ་བར་བརྟེན་ནས་ཞིང་འབྲོག་ཁུལ་དུ་འཕོ་འགྱུར་གསར་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གསར་པ་ཡོང་བ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སེམས་ཁུར་མཚོན་པ་བྱས་ཐོག་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོས་རྒྱ་ཆེའི་གཞི་རིམ་ཞིང་འབྲོག་མང་ཚོགས་ཚོར་ཕན་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་ཁུར་བ་དང་བཅས་པས་གཉའ་ལམ་རྫོང་ཕོང་རོང་ཤང་གི་དགྲ་ཆེན་གྲོང་ཚོ་དང་ཟུར་མཚོ་ཤང་གི་དཀར་ཆུང་གྲོང་ཚོ་དང་རྣམ་སྲས་གླིང་གྲོང་ཚོར་གྲོང་ཚོར་བཅའ་སྡོད་བྱེད་པའི་བརྟག་ཞིབ་ཀྱི་ལས་དོན་སྤེལ་བ་མ་ཟད་མང་ཚོགས་ལ་ཉི་འོད་ནུས་པའི་ཁྱིམ་སྤྱོད་གློག་ཆས་དང་། ཧྲ་ཧྥ། སྒྲོག་ཙེ། ཐབ་ཆས་སོགས་རིན་ཐང་སྒོར་ཁྲི་13རི་བའི་འཚོ་བའི་དངོས་ཟོག་སྤྲད་པ་རེད།