གྲོང་ཚོར་བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།
—— སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།
ཟླ་10ཚེས་13ཉིན་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལྷ་ས་ནས་ཐོན་པའི་གནས་ཚུལ་ཡིན་པ།
ཟླ་བ་10པའི་ཚེས་13ཉིན་གྱི་སྔ་དྲོ་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་སྡོད་སའི་སྒོ་རའི་མདུན་དུ་ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ལྷན་གྱི་ཀྲུའུ་རེན་རྣམ་རྒྱལ་ཕུན་ཚོགས་ཀྱིས་ལས་དོན་རུ་མིའི་ལག་ནས་འཇུས་ཏེ “དགའ་བསུ་ཞུ། དགའ་བསུ་ཞུ། ང་ཚོས་སྔ་ས་ནས་ཁྱེད་ཚོ་ཕེབས་སྒུག་ཞུས་ནས་བསྡད་ཡོད ”ཅེས་སེམས་འགུལ་ཐེབས་པའི་ངང་བཤད།
“ང་ཚོ་སླར་ཡང་ཡོང་བ་ཡིན། དེ་གོང་ང་ཚོས་དེ་གར་ལོ་གཅིག་བསྡད་པ་ཡིན། ད་རེས་ང་ཚོ་ཕལ་ཆེར་ལོ་གསུམ་སྡོད་ཀྱི་རེད། ང་ཚོའི་ཐུན་མོང་འབད་བརྩོན་འོག་ཐོན་པ་དེ་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་ཐུབ་ངེས་རེད ”ཅེས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཝང་ཡ་ལེན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གྲོས་ཚོགས་ཁང་ནང་ཝང་ཡ་ལེན་གྱིས་ད་རེས་གྲོང་ཚོ་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོའི་གནས་ཚུལ་དྲིས་པ་དང་འབྲེལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི་དང་ལས་འགན་ངོ་སྤྲོད་བྱས་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྤུས་ཚད་ལྟ་སྐུལ་སྤྱི་ཁྱབ་ས་ཚིགས་ཀྱི་ཕེང་པའོ་དབྱེ་ཡིས “ཐོན་མདའ་གྲོང་ཚོ་ནི་དེ་གོང་ང་ཚོས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་དེ་ཡིན་ཞིང་། དེ་གོང་གི་ལས་དོན་ཁྲོད་ང་ཚོ་དང་ཐོན་མདའ་གྲོང་ཚོའི་གྲོང་མིའི་དབར་བརྩེ་དུང་ཟབ་མོ་ཆགས་ཡོད། ད་རེས་སླར་ཡང་རྩ་འཛུགས་ཀྱིས་ང་ཚོ་ཐོན་མདའ་གྲོང་ཚོར་བཀོད་སྒྲིག་བྱས་ཏེ་གྲོགས་པོ་ཪྙིང་པ་ཚོ་དང་མཉམ་འཛོམས་བྱུང་བས་ང་ཚོ་ཧ་ཅང་དགའ་པོ་འདུག ད་རེས་ང་ཚོས་དེ་བས་འབད་བརྩོན་ཆེན་པོས་ཐོན་མདའ་གྲོང་ཚོའི་མང་ཚོགས་ལ་ཕྱུག་འགྱུར་དང་འབབ་འཕར་གྱི་ཐབས་ལམ་འཚོལ་ཞིབ་དང་རྒྱ་ཆེར་གཏོང་རོགས་བྱས་ཏེ་མི་ཚང་མར་ལས་ཀ་ཡོད་པ་དང་། ཉིན་ལྟར་ཡོང་འབབ་ཡོད་པ། དུད་ཚང་ཚང་མར་ཐབས་ལམ་ཡོད་པ་བཅས་བྱ་རྒྱུ་ཡིན ”ཞེས་བཤད།
ཕེང་པའོ་དབྱེའི་སྣེ་ཁྲིད་འོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་གྲོང་ཚོའི་སླད་ཕྱིན་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམིགས་ཏེ་འཚང་ཁ་ཤིག་ཤིག་ངང་ཐབས་དང་ཇུས་བཏོན་པས་གྲོས་ཚོགས་ཁང་གི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད།