བོད་ཀྱི་ལས་བྱེད་པ་ཞིང་དུད་དུ་བསྐྱོད་རྒྱུ་དེ་ཇེ་ཟབ་ཏུ་འགྲོ་བ།
གངས་ལྗོངས་ས་མཐོར་དཔྱིད་རླུང་དལ་བུར་ལྡང་། བརྩེ་བ་ཟབ་མོ་བཅངས་ཏེ་དུད་ཁྲིར་བསྐྱོད།
འདི་ལོའི་ཟླ་བ་3པར་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་། མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ལས་འགན་གཙོ་བོ་བཞིར་དམིགས་ནས་མི་ཁྲི་1.25ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་1514ཡིས་གྲོང་ཚོ་དང་དུད་ཚང་དུ་བཅའ་སྡོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། མིག་སྔར་ལས་དོན་ཚོགས་ཆུང་གི་ཁོངས་མི་ཁག་གཅིག་བརྗེ་རེས་བྱས་ཟིན་པ་དང་བྱེད་སྒོའི་ནང་ཞུགས་མཁན་ལས་བྱེད་པ་མི་ཐེངས་ཁྲི་2ལས་བརྒལ་བ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁྱབ་རྒྱ་དེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཡོངས་ཀྱི་གསུམ་ཆ་གཅིག་ལས་བརྒལ་བ་དང་མི་འབོར་ལ་ཁྱབ་ཚད་ཀྱང་གསུམ་ཆ་གཅིག་ལས་བརྒལ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས “ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བར་བསྐྱོད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད་ལ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་འཇོན་ཐང་ཆེ་རུ་དང་མཐོང་རྒྱ་ཆེ་རུ་ཕྱིན་པའི་ཁར་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་དང་གཞི་རིམ་གྱི་བརྟན་ལྷིང་དང་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་ཕྱིན་ཡོད ”ཅེས་གསུངས་པ་རེད།
ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པར་བསྐྱོད་པ།
ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དང་ལྷག་པར་དུ་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་མི་རིགས་ཁག་གི་མང་ཚོགས་ཚོས་ཤེས་རྟོགས་ཐུབ་པ་བྱ་ཆེད་ལས་དོན་ཚོགས་ཆུང་ཁག་གིས་སྒྲོག་འགྲེལ་གྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་གོ་བདེ་ཤེས་སླའི་སྐད་ཡིག་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་པས་སྒྲོག་འགྲེལ་བྱེད་སྒོ་དེ “མང་ཚོགས་རྣམས་ཀྱིས་དགའ་སྣང་བྱེད་པ་ལས་སུན་སྣང་མི་བྱེད་པ་དང་ལས་དོན་ཚོགས་ཆུང་གིས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་བྱེད་པའི ”བྱེད་སྒོ་ཞིག་ཏུ་གྱུར་ཡོད།
ཟླ་6ཚེས་20ཉིན་གཉའ་ལམ་རྫོང་སྨན་ཕུ་ཤང་སྙེ་མདོ་གྲོང་ཚོར་གྲོང་མིའི་ཚོགས་འདུ་ཞིག་འཚོག་བཞིན་ཡོད་པ་དང་གྲོང་མི་ཚོའི་བཞིན་ནས་བདེ་སྐྱིད་ལྡན་པ་དང་དགའ་སྤྲོ་འཁོལ་བའི་འཛུམ་མདངས་ཤིག་འཕྱུར། གཉའ་ལམ་རྫོང་གི་རྫོང་དཔོན་གཞོན་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་པའེ་ཡུས་མིན་གྱིས “ད་རེས་གཙོ་བོ་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དྲིལ་བསྒྲགས་དང་ཏང་གི་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་འབྲེལ་མི་རེར་འབྲུ་རིགས་རྒྱ་མ་15སྤྲད་དེ་ཏང་གི་དྲོ་སྐྱིད་ཚོར་བ་བྱ་རྒྱུ་ཡིན ”ཞེས་གསུངས། འདི་ལོ་གྲོང་ཚོ་དེའི་གྲོང་མི་དུད་ཚང་58ཚང་མར “གསལ་རྟོགས་གཱ ”རག་པ་དེའི་ཐོག་བོད་ཡིག་གི་ཐོག་ནས་ཏང་གི་ཞིང་ཕན་སྲིད་ཇུས་གསལ་པོར་བྲིས་ཡོད། གཞི་གྲངས་རྣམས་ཁ་གསལ་ཞིང་། བླངས་པའི་ཞིང་ཕན་དངུལ་བུན་གྱི་གྲུབ་ཆ་དང་དེའི་ཡོང་ཁུངས་གྲོང་མི་ཚོས་གསལ་པོར་ཤེས་ཀྱི་ཡོད།
སྙེ་མདོ་གྲོང་ཚོ་ནི་ལས་དོན་ཚོགས་ཆུང་ཁག་གིས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་པའི་དཔེ་མཚོན་ཙམ་ཞིག་ཡིན་ཞིང་། མིག་སྔའི་བར་ལས་དོན་ཚོགས་ཆུང་ཁག་གིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཐེངས་ཁྲི་1.1ཆེད་མངགས་སྒྲོག་འགྲེལ་བྱས་པ་དེའི་ནང་དཔྱད་གཞིའི་ཡིག་རིགས་དེབ་ཁྲི་8ལྷག་ཙམ་སྤྲད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་རོལ་རྩེད་བྱེད་སྒོ་ཐེངས་5000ཙམ་སྤེལ་བ་རེད།
མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་པས་མི་སེམས་སུ་ཟུག་པ།
“ཉི་མ་ལྷུན་གྲུབ་ཆབ་མདོར་རླངས་འཁོར་གཏོང་སྟངས་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི ”གནས་ཚུལ་དེ་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་མེ་གདོང་གྲོང་ཚོའི་མང་ཚོགས་ཚོའི་ཁྲོད་དུ་ཁྱབ། “ཁ་ལོ་བའི་ལག་རྩལ་སློབ་སྦྱོང་བྱ་རྒྱུ་ནི་ངའི་མིག་སྔའི་བསམ་འདུན་ཆེ་ཤོས་དེ་ཡིན་པས་ལས་དོན་ཚོགས་ཆུང་གིས་ང་ལ་བསམ་འདུན་སྒྲུབ་རོགས་གནང་བྱུང ”ཞེས་ལོ་19ལ་སླེབས་པའི་ཉི་མ་ལྷུན་གྲུབ་ཀྱིས་གད་མོ་འཚེར་འཚེར་ངང་བཤད། སྙེ་མདོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ལས་དོན་ཚོགས་ཆུང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་གཞིར་བཟུང་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཁྲོད་ནས་གཞོན་ནུ་ཞིང་པ་4བདམས་ཏེ་ཆབ་མདོར་ཁ་ལོ་བའི་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་བ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་མང་ཚོགས་ཚོས་གོང་ཞུ་བྱེད་མང་ཤོས་ཀྱི་དཀའ་གནད་སེལ་རྒྱུ་ནས་ལས་འགོ་བཙུགས་ཏེ་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱེད་པ་དང་ལག་བསྟར་སྲིད་ཇུས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་པ་དང་ཆབས་ཅིག་འབྲེལ་གཏུགས་ས་ཚིགས་ཀྱི་འཕེལ་རྒྱས་གཏོང་ཕྱིར་ཐབས་འདོན་རོགས་དང་། རྣམ་གྲངས་འཚོལ་རོགས། ལག་རྩལ་ཐོག་ནས་རོགས་རམ། འཆར་འགོད་བཟོ་རོགས་བཅས་བྱས་ནས་གྲོང་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་པ་རེད།
རྩྭ་མདའ་རྫོང་མདའ་འབབ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གི་ལས་དོན་ཚོགས་ཆུང་གིས་དུད་ཚང་རེ་རེ་བཞིན་ལ་འདྲི་རྩད་བྱེད་པར་བསྐྱོད་དེ་འགྲོ་ལམ་དང་། ཟམ་པ། ཆུ་རགས། གྲོང་མིའི་གློག སྔོ་ཚལ་དྲོད་ཁང་ཆེ་མོ་སོགས་རྣམ་གྲངས་ཆེ་བ་6དང་རྣམ་གྲངས་ཆུང་བ་5གཏན་འཁེལ་བྱས་པ་དང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་570རག་ཐབས་བྱས་པ་རེད།
མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་1514ཡིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ལྷག་པའི་དཀའ་གནད་དང་གནད་དོན་5120རྟོག་ཞིབ་དང་འཕྲལ་སེལ་བྱས་ནས་བརྟག་ཞིབ་ཀྱི་སྙན་ཞུ་ཁག་1200ལྷག་ཙམ་བྲིས་ཡོད། དེའི་རྨང་གཞིའི་ཐོག་འཕྲོད་བསྟེན་དང་། རླུང་འཕྲིན། བཪྙན་འཕྲིན་བཅས་གྲོང་ཚོ་ཀུན་ཁྱབ་སོགས་ཀྱི་གནད་དོན་2158ཐག་གཅོད་བྱེད་རོགས་བྱས་པ་དེའི་ནང་ཕན་པ་ཐོབ་མཁན་མང་ཚོགས་ཁྲི་70ལྷག་ཙམ་ཟིན་པ་དང་འཛུགས་སྐྲུན་རྣམ་གྲངས་ཁག་1147དོན་འཁྱོལ་བྱས་པར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2ལས་བརྒལ་ཡོད་པ་རེད།
ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བས་བརྩེ་སེམས་ཟབ་ཏུ་ཕྱིན་པ།
སྒར་རྫོང་བཀྲ་ཤིས་སྒང་ཤང་འདེམས་འཇོག་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ལས་དོན་ཚོགས་ཆུང་གིས་གྲོང་ཚོར་བཅའ་སྡོད་བྱས་རྗེས་གྲོང་མི་སྤེན་པ་ཚེ་རིང་གི་ལོ་9ལ་སླེབས་པའི་བུའི་དཔུང་རུས་གཡས་པ་ཆག་པ་དང་མངའ་རིས་ས་ཁུལ་དུ་སྨན་བཅོས་བྱེད་ཐབས་བྲལ་ལ་སྤེན་པ་ཚེ་རིང་ལ་བུ་ལྷ་སར་སྨན་བཅོས་བྱེད་པར་འཁྲིད་པའི་དངུལ་ཡང་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལས་དོན་ཚོགས་ཆུང་གིས་འཕྲལ་དུ་སྒོར་ཁྲི་1ཞལ་འདེབས་བརྒྱབ་པ་དང་འབྲེལ་བོད་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་དུ་སྡོད་རྒྱུ་དང་གཤགས་བཅོས་བྱ་རྒྱུའི་འབྲེལ་བ་ཡང་བྱས་པ་རེད།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་དེ་བསམ་བློར་སྦྱོང་བརྡར་གཏོང་བ་དང་། ཏང་གཤིས་བློ་སྦྱོང་བྱེད་པ། སྤྱོད་ཚུལ་འགྱུར་ལྡོག་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བ་ཞིག་ཏུ་བརྩིས་ཤིང་། མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་རིང་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད་པ་རེད།
རུ་ཐོག་གྲོང་རྡལ་རེ་བཅོལ་གྲོང་ཚོར་བཅའ་སྡོད་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ལས་དོན་ཚོགས་ཆུང་གིས་དཔྱིད་དུས་སུ་དབུགས་ལམ་དང་འཇུ་ལམ་གྱི་རིམས་ནད་ཐོན་སླ་བ་དང་འབྲོག་པ་ཚོ་འབྲོག་ལས་ས་ཚིགས་སུ་སྨན་བཅོས་བྱེད་པར་སྐྱོད་དཀའ་བའི་གནས་ཚུལ་དངོས་ལ་དམིགས་ནས་སྨན་བཅོས་སྐོར་སྐྱོད་ཚོགས་ཆུང་སྒྲིག་འཛུགས་ཀྱིས་འབྲོག་པ་མི་ཐེངས་350ལྷག་ཙམ་ལ་འོས་འགན་ངང་སྨན་བཅོས་དང་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད་སྒོར་ཁྲི་1.5རི་བའི་སྨན་ཡང་སྤྲད་པ་དང་། མདའ་འབབ་ཤང་གདོང་པོ་གྲོང་ཚོར་བཅའ་སྡོད་རྩྭ་མདའ་རྫོང་གི་ལས་དོན་ཚོགས་ཆུང་གིས་གཞི་རིམ་གྱི་མང་ཚོགས་ཚོར་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་མེད་པའི་གནས་ཚུལ་དངོས་གཞིར་བཟུང་རྟ་རྒྱུགས་འགྲན་བསྡུར་དང་རིག་རྩལ་འཁྲབ་སྟོན་སྒྲིག་འཛུགས་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་རྩ་བ་བརྟན་དུ་སོང་བ།
སྒར་རྫོང་དགུན་ས་ཤང་གནམ་རུ་གྲོང་ཚོར་བཅའ་སྡོད་མངའ་རིས་ས་ཨུད་གཞུང་ལས་ཁང་གི་ལས་དོན་ཚོགས་ཆུང་གིས་གྲོང་ཚོའི་ལས་བྱེད་པར་དཀའ་ངལ་ལ་འཚེར་སྣང་བྱེད་པ་དང་གཞན་ལ་བརྟེན་པའི་བསམ་བློ་ཞིག་ཡོད་པར་དམིགས་ཏེ་ཚོགས་འདུ་ཐེངས་མང་འཚོགས་པའི་ཐོག་བསམ་བློའི་ལས་དོན་སྤེལ་བས་གྲོང་ཚོའི་ལས་བྱེད་པའི་དོགས་གནད་སེལ་ཐུབ་པ་བྱུང་ལ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་གྲོང་ཚོ་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཁོང་ཚོའི་འགན་འཁྲིའི་འདུ་ཤེས་ཀྱང་ཆེ་རུ་སོང་ཞིང་། དེ་དང་དུས་མཚུངས་སུ་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་ཧུར་ཐག་བྱས་ཏེ་འཛུགས་སྐྲུན་མ་དངུལ་ཕྱོགས་མང་ནས་གྲབས་གསོག་བྱས་ནས་གྲོང་ཚོ “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ལ་བྱེད་སྒོ་སྤེལ་བའི་གྲོན་དངུལ་སྒོར་ཁྲི་10ཐག་གཅོད་བྱས་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་རོགས་སྐྱོར་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་པའི་ཁར་གཞི་རིམ་ལ་ཁྲིད་སྟོན་དང་རོགས་རམ་གྱིས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལས་དོན་དེ་ལམ་ལུགས་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།
རགས་རྩིས་ལྟར་ན། ལྗོངས་ཡོངས་ཀྱི་ལས་དོན་ཚོགས་ཆུང་གིས་རྣམ་པ་སྣ་ཚོགས་བརྒྱུད་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་ཚོགས་འདུ་ཐེངས་6214དང་། གྲོང་ཚོའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་5448 ཏང་ཡོན་གྱི་ཚོགས་ཆེན་ཐེངས་3562བཅས་འཚོགས་ནས་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་ཁོངས་མི་572བརྗེ་རྒྱུའི་གྲོས་འགོ་བཏོན་པ་དང་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་1118གསོ་སྐྱོང་བྱས་ཡོད་པ་རེད། གྲོང་ཚོའི (གྲོང་མི )རྩ་འཛུགས་ལ་གྲོང་སྲོལ་དམངས་ཆིངས་དང་། གྲོང་དོན་ཡོངས་བསྒྲགས། གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་གཞི་རྩའི་འགན་འཁྲི། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་2671འཛུགས་རོགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཤིང་། བྱ་སྤྱོད་དེ་དག་ཐོག་ནས་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་བྱང་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག་མང་ཚོགས་ཚོར་ཡུན་རིང་བྲལ་མི་སྲིད་པའི་ལས་དོན་རུ་ཁག་ཅིག་བཞག་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣