དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁོང་ཚོའི་གཏམ་སྤྱོད་ལས་མི་རྣམས་སེམས་འགུལ་ཐེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་ནག་ཆུ་ས་ཁུལ་གྱི་ལས་དོན་ཚོགས་ཆུང་ཁག་གི་བློ་མཐུན་ཚོས་རང་ཉིད་ཀྱི་ལས་དོན་ཏན་ཏིག་དང་གཏམ་སྤྱོད་ནན་ཏན་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

        སྦྲ་ཆེན་རྫོང་སྒང་རི་ཤང་གྲོང་ཚོ་4པར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་ཁྲིམས་ཨུ་ལྷན་གྱི་བློ་མཐུན་ཚོས་རྒྱུན་གཏན་ལས་དོན་ཕུད་རང་འགུལ་ངང་ས་ཆ་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་གྲོགས་པོ་བསྒྲིགས་པ་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་བཤད་ནས་གྲོང་ཚོ་དེའི་མི་འབོར་དང་། ཐོན་ཁུངས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། སྤྱི་ཚུལ་དམངས་འདུན། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན། ཕྱོགས་བསྡུས་བཅོས་སྐྱོང་དང་་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཁོང་ཚོར་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་པ་རེད།

        མང་ཚོགས་ཀྱིས “ལས་དོན་ཚོགས་ཆུང་གིས་འཚོ་བའི་ཐོག་གི་དཀའ་ངལ་ཁྱད་དུ་བསད་ནས་ང་ཚོར་རོགས་རམ་བྱེད་པ་དང་ང་ཚོ་དང་གྲོགས་པོ་བསྒྲིགས་ནས་མཉམ་དུ་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་གནད་སེལ་བས་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་ང་ཚོའི་ཡིད་ཆེས་ཆེ་རུ་སོང་ཡོད། དེ་ལྟ་བུའི་ལས་དོན་ཚོགས་ཆུང་ལ་ང་ཚོས་དགའ་བསུ་ཞུ་བ་དང་ད་ལྟ་ཁོང་ཚོ་དང་ཁ་འབྲལ་ཐབས་མེད ”ཅེས་བཤད།

        ཨ་མདོ་རྫོང་སྟོད་མ་ཤང་མདུང་རི་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་ཚོགས་ཆུང་གི་བློ་མཐུན་ཚོས་ཉིན་ལྟར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་གྱི་གནས་སུ་ལུས་པོ་མི་འཕྲོད་པ་དང་སྟབས་མི་བདེ་བ་མང་པོ་ཞིག་ཁྱད་བསད་བྱེད་དགོས་པ་མ་ཟད་གཏན་འཁེལ་བྱས་པའི་འཆར་གཞི་གཞིར་བཟུང་ལས་ཀ་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་འཚོ་བའི་ཐོག་ས་ཆ་དེ་གར་སུན་པོ་གང་ཡང་མི་བཟོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཉིན་ལྟར་རླངས་འཁོར་བཏང་ནས་སྤྱི་ལེ་ཁ་ཤས་སར་བསྐྱོད་དེ་འཁྱགས་རྡོག་སྔོག་ནས་འཚོ་བའི་སྤྱོད་ཆུ་བྱེད་ཀྱི་ཡོད་པ་དང་ཐ་ན་ཆུ་གྲོན་ཆུང་བྱེད་པའི་ཉམས་མྱོང་ཞིག་བྱུང་ཡོད།

        མི་སེར་རྣམས་ཀྱིས་དེ་དག་མཐོང་སྐབས་སེམས་ནང་སྐྱོ་སྣང་སྐྱེས། གྲོང་མི་བློ་ཤེས་ཀྱིས “ལས་དོན་ཚོགས་ཆུང་གི་བློ་མཐུན་རྣམས་ཀྱིས་དཀའ་ངལ་ལ་མི་སྐྲག་པར་ང་ཚོ་དང་མཉམ་ཟ། མཉམ་སྡོད། མཉམ་དུ་ངལ་རྩོལ་བཅས་བྱེད་པ་དང་ང་ཚོའི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པས་ང་ཚོར་སེམས་འགུལ་ཟབ་མོ་ཐེབས་བྱུང་། སླད་ཕྱིན་དེ་ལྟ་བུའི་ལས་དོན་ཚོགས་ཆུང་རྟག་ཏུ་ང་ཚོའི་གྲོང་ཚོར་ཡོང་རྒྱུའི་རེ་བ་ཡོད་ལ་ང་ཚོས་དགའ་བསུ་ཞུ་གི་ཡིན ”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།