ཟླ་3ཚེས་3ནས་4ཉིན་བར་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་གིས་གྲོང་མི་སྒྲིག་འཛུགས་བྱས་ནས་པར་རིས་འགྲེམས་སྟོན་དང་ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་སོགས་བྱེད་པའི་རྣམ་པའི་ཐོག་ནས་སྒང་དཀར་གྲོང་ཚོའི་མང་ཚོགས་ཚོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་སྒྲོག་འགྲེལ་བྱས་པ་དང་མི་སེར་ཚོར་ཐན་འགོག་དང་། ཆུ་ལོག་འགོག་བཅོས། འཐུང་ཆུ་དང་གློག་སྤྱོད་པའི་གནད་དོན་ཐག་གཅོད་སོགས་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
གྲོང་མི་སྐལ་བཟང་སྒྲོལ་མས “ང་ཚོའི་གྲོང་ཚོའི་ནང་ལོ་ལྟར་རགས་ཆུ་གཙང་པོའི་ཆུ་ལོག་གི་ཉེན་ཁ་འཕྲད་ཀྱི་ཡོད་པས་ལས་དོན་ཚོགས་ཆུང་གིས་ཐག་གཅོད་གནང་རྒྱུའི་རེ་བ་ཡོད ”ཅེས་བཤད།
ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཐོང་ལེའང་གིས “ང་ཚོས་དུས་འགོའི་ཞིབ་དཔྱད་ཚད་ལེན་ལེགས་གྲུབ་ཟིན་པ་དང་རགས་ཆུ་གཙང་པོའི་ཆུ་ལོག་འགོག་བཅོས་དང་ཆུ་ཡུར་བཅོས་སྒྲིག་ལས་གྲྭ་གང་མགྱོགས་འགོ་འཛུགས་རྒྱུ་ཡིན་པས་སླད་ཕྱིན་མི་སེར་ཚོར་ཆུ་ལོག་གི་གནོད་འཚེ་ཡོང་མི་སྲིད ”ཅེས་བཤད།
འགན་ལེན་ལྔའི་དུད་ཚང་ཡིན་པའི་དར་རྒྱས་ཀྱིས “ངའི་ལག་པ་དེ་སྔ་ཤིང་གི་ཕུར་པ་ཐེབས་ནས་རྨས་མྱོང་བས་སྨན་བཅོས་ཡུན་རིང་བྱེད་དགོས་ཀྱི་ཡོད། ཏང་གི་དམངས་ཕན་སྲིད་ཇུས་ཁྲོད་རང་ཉིད་ལ་ནད་གཞི་བལྟ་བའི་ཐད་ཀྱི་སྲིད་ཇུས་བཟང་པོ་ཡོད་དམ ”ཞེས་དྲིས། ཀུང་ཐོང་ལེའང་གིས “རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་ལོ་ལྟར་ཞིང་འབྲོག་པར་སྨན་བཅོས་རྩིས་ཞུ་བྱས་པའི་མ་དངུལ་གྱི་བསྡུར་གྲངས་དེ་རིམ་བཞིན་མཐོ་རུ་འགྲོ་གི་ཡོད་པས་ཞིང་འབྲོག་པ་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད། གལ་སྲིད་ཁྱེད་ལ་ད་དུང་དཀའ་ངལ་ཡོད་ཚེ་གྲོང་ཚོའི་ལས་བྱེད་པ་དང་ང་ཚོ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་བཤད་ན་འགྲིག་གི་རེད ”ཅེས་ལན་བཏབས་པ་རེད།
ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་བྱེད་པའི་ཁྲོད་རྒྱལ་ཁབ་ཀྱིས་ཞིང་འབྲོག་ཁུལ་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལས་དོན་ཚོགས་ཆུང་གིས་ཤེས་རྟོགས་བྱས་པ་མ་ཟད་གྲོང་མི་ཚོས་ཀྱང “ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ ”ཤེས་རྟོགས་བྱུང་ཡོད་པ་རེད།
སྐབས་དེར་གྲོང་མི་ཚོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་སེམས་གཅིག་ཏུ་སྦྲེལ་ཡོད་པ་རེད།