དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བྱང་ཐང་ནུབ་ངོས་ཀྱི་ཤན་རྩ་རྫོང་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  པ་སངས་བསྟན་པས།   |     སྤེལ་དུས།  2015-05-09

        ང་ཚོ་ཀྲུང་ནེ་གཞུང་ལམ་རྒྱུད་ཀྱི་འགྱུར་བ་གླེང་བཞིན་དུ་རྣམ་གླིང་རྫོང་དུ་འབྱོར། རྫོང་མཁར་དེ་ཆེན་པོ་མེད་ཀྱང་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་ནུས་པ་ཞིག་འདུག གྲོང་རྡལ་དེར་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་ཞིག་བྱས་འདུག་པ་དེ་ནི་དེ་སྔོན་ལྷ་སའི་གྲོང་ཁྱེར་ནང་དུ་མ་གཏོགས་མཐོང་རྒྱུ་མེད་པའི་ཁང་གླ་དམའ་བའི་ཁང་པ་དེ་དག་གང་སར་མཐོང་རྒྱུ་འདུག

        རྣམ་གླིང་རྫོང་གྲོང་ནས་ཐོན་ཏེ་ང་ཚོ་བྱང་རྒྱུད་དུ་བསྐྱོད་དུས་རི་ལམ་ཀྱག་ཀྱོག་མང་པོ་བརྒྱུད་དགོས་ཀྱི་འདུག་ལ་ལམ་ཡང་སྐྱོད་ཁག་པོ་འདུག རྒྱང་རིང་དུ་ལྟ་དུས་ཤར་ནུབ་ཕྱོགས་སུ་འཕྲད་རྒྱུག་ཏུ་ཡོད་པའི་གངས་དཀར་ཤེལ་གྱི་མཆོད་རྟེན་འདྲ་པོ་དེར་ཞིབ་ཏུ་བལྟས་པས་དེ་ནི་འབྲོག་ཁུལ་དང་ཞིང་ཁུལ་འབྱེད་པའི་གངས་རི་ཡིན་པ་ཤེས་བྱུང་། གངས་རི་མིག་མདུན་དུ་ཡོད་རུང་ཉིན་ཕྱེད་ཙམ་སོང་ཡང་ད་དུང་གངས་རི་དང་བར་ཐག་རིང་པོ་ཡོད་པ་དང་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་དང་ཡང་དུས་དང་སྐར་ཆ་ཙམ་མ་འདས་པར་འགྱུར་བ་འགྲོ་གི་ཡོད་པ་ཚོར་སྣང་འདུག་ལ་རྩི་ཤིང་ཡང་ཇེ་ཉུང་དུ་འགྲོ་གི་འདུག རླངས་འཁོར་ཡང་འཁྱག་ཆུ་བརྒྱུད་ནས་ཡུན་རིང་པོ་བསྐྱོད། གློ་བུར་དུ་རི་སྟེང་གི་རླུང་རྟ་ལྷབ་ལྷུབ་ཏུ་གཡོ་བའི་འགྲམ་དུ་སྟོད་གོས་དམར་པོ་གྱོན་པའི་མི་ཞིག་གི་ལག་གཉིས་སུ་དཀར་གཙང་གི་ཁ་བཏགས་བཟུང་སྟེ་རླངས་འཁོར་དཀར་པོ་ཞིག་གི་འགྲམ་དུ་ཀྲོང་ངེར་ལངས་ནས་རྒྱང་ལྟ་བྱེད་གིན་འདུག་པ་མཐོང་བྱུང་། དེ་ནི་ཤན་རྩ་རྫོང་གི་རྫོང་དཔོན་ལྷུན་མཚོ་སྤྲོ་སེམས་འཁོལ་བའི་ངང་ང་ཚོ་རྒྱང་བསུ་བྱེད་པར་ཡོང་བ་རེད་འདུག ང་ཚོ་ཐུག་མ་ཐག་ཁ་གཏགས་གཡོགས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས “དེ་རིང་ང་རྫོང་ཨུད་ཀྱི་ཚབ་མ་ཡིན་པར་ང་རང་སོ་སོས་དྲུང་ཆེ་གཞོན་པ་བློ་བཟང་རྒྱ་མཚོ་དང་ལྷན་རྒྱས་ཕེབས་བསུ་ཞུ་བར་ཡོང་བ་ཡིན ”ཞེས་བརྗོད་བྱུང་བས་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྫོང་དཔོན་དང་ལྷན་དུ་ཡོང་བའི་ལས་བྱེད་པ་བུད་མེད་ཅིག་གིས་ལམ་ཟུར་དུ་ཡང་ཡང་བསྐྱུགས་པས་དེ་ནི་ས་མཐོ་མི་འཕྲོད་པ་ཡིན་ཤས་ཆེ།

        རི་བོ་དེར་སྐྱེ་རྒུ་ལ་ཟེར་བ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5300ཡོད་ལ་ཤན་རྩ་རྫོང་གྲོང་བར་ད་དུང་སྤྱི་ལེ་100ལྷག་ཡོད། སྐྱེ་རྒུ་ལར་སྐར་མ་འགའ་ལས་མ་བསྡད་རུང་མགོ་གཟེར་བ་དང་རུས་པར་ན་ཟུག་བརྒྱབ་པའི་གྲང་རླུང་ཞིག་ལྡང་ནས “མཐོ་སར་ལྷགས་པ་ཆེ ”ཞེས་པའི་ཚོར་བ་བྱུང་། ལ་བརྒྱབ་ནས་ཤན་རྩ་རྫོང་ཁོངས་སུ་བསྐྱོད་པ་དང་། སྐྱེ་རྒུ་ལ་ནས་བབས་རྗེས་ཡངས་ཤིང་རྒྱ་ཆེ་བའི་བྱང་གི་རྩྭ་ཐང་ཆེ་མོའི་པང་དུ་འབྱོར། ང་ཚོའི་རླངས་འཁོར་རྩྭ་ཐང་གི་དབུས་སུ་བྱ་འཕུར་བ་ལྟར་རྒྱུག་བཞིན་པའི་སྐབས་ཐག་རིང་དུ་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་བསྒྲིགས་ནས་རྩྭ་ལ་རོལ་བ་དང་ཐ་ཐོར་དུ་གནས་པའི་སྦྲ་གུར་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་པ་མཐོང་བྱུང་། ལམ་བར་དུ་སྐབས་རེ་ཁྱུ་བསྒྲིགས་པའི་གཙོད་གང་སར་རྒྱུག་འགྲོ་བ་དང་སྐབས་རེ་རྐྱང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལམ་འགྲམ་དུ་སོས་དལ་བག་ཕེབས་ངང་རྩྭ་ལ་རོལ་བ་ཡང་མཐོང་རྒྱུ་འདུག ང་ཚོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་བལྟ་བའི་སྤྲོ་སྣང་མ་ཡལ་བའི་དུས་རླངས་འཁོར་ཤན་རྩ་རྫོང་དུ་འབྱོར།

        ཤན་རྩ་རྫོང་ནི་འདམ་ར་ཆེན་པོ་ཞིག་གི་ཤར་ངོས་ཀྱི་རི་ལྡེབས་ཤིག་ཏུ་ཆགས་ཡོད་པ་དང་འཇམ་ཞིང་མཉེན་པའི་ལག་མཐིལ་དུ་ཆགས་པ་འདྲ་བས་བྱང་གི་གྲང་རླུང་འགོག་ནུས་ལྡན་ཡོད། ཆུའི་ཕར་ངོགས་སུ་མུ་སྦྲེལ་ནས་ཆགས་པའི་གངས་རི་སྐྱ་དཀར་ཡོད་མོད། འདམ་ར་བྱང་རྒྱུད་ཀྱི་རླུང་སྒོ་ཆེ་མོ་ལྟ་བུར་གྱུར་ནས་རྫོང་གྲོང་གྲང་དུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཤན་རྩ་ནི་ནག་ཆུའི་ནུབ་རྒྱུད་དང་གངས་དཀར་ཏི་སེ་དང་བོད་བྱང་ཐང་གི་མཚོ་ཆེན་གཉིས་པ་སེ་གླིང་མཚོའི་དབུས་སུ་ཆགས་ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་4ཙམ་ཡོད་པའི་ནང་མཚོ་མཚེའུ་དང་ཆུ་བོས་23%བཟུང་བ་དང་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་2400ཡོད་པ་དེས་40%ཙམ་བཟུང་བ། རི་མ་ཐང་དང་བྱེ་ཐང་སོགས་ཀྱིས་37%ཙམ་བཟུང་ཡོད་པ། ཁྱོན་བསྡོམས་མི་འབོར་ཁྲི་16དང་། ཁོངས་གཏོགས་སུ་ཤང་8དང་གྲོང་ལྷན་73ཡོད།

        མིག་སྔར་ཤན་རྩ་རྫོང་གྲོང་དུ་ཆུ་གློག་གི་མཁོ་འདོན་འདང་ངེས་ཡོད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གྲོང་ཚོ་ཀུན་ལ་གློག་ཤར་གཏོང་ཐུབ་པ་དང་རྫོང་གྲོང་འཛུགས་སྐྲུན་གྱི་གཞི་ཁྱོན་ཡང་རགས་ཙམ་ཆགས་རེ་ཡོད།

        དགོང་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགན་འཁུར་བ་དང་ཐུག་འཕྲད་བྱེད་སྐབས་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་དྲུང་ཆེ་གཞོན་པ། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་བློ་བཟང་རྒྱ་མཚོ་ནི་གཤིབ་བདེ་འགྲོགས་མཁས་ཀྱི་མི་ཞིག་ཡིན་པར་བརྟེན་མི་ཚོར་བློ་ཉེ་བའི་ཚོར་སྣང་ཞིག་སྟེར་ཡོང་གི་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་རྫོང་གི་ཚད་མཐོའི་མཐོང་ཆེན་གནང་ནས་རྫོང་དཔོན་ལྷུན་མཚོས་ལས་དོན་ཚོགས་ཆུང་རྫོང་གྲོང་ངམ་ཡང་ན་ཤང་ནང་དུ་བསྡད་དེ་ལས་དོན་སྤེལ་རྒྱུའི་རེ་བ་ནན་པོ་བཏོན་རུང་བློ་བཟང་རྒྱ་མཚོས་དང་ལེན་མ་གནང་ཞིང་། ཁོང་གི་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ལས་སྨྱུག་འཛིན་པར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྨྱུག་འཛིན་པར་ཁོང་གི་སྤྱོད་ཚུལ་ལས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་འཁུར་དགོས་པའི་ལས་འགན་དང་ཧ་ཅང་མཐུན་པར་བརྟེན་མང་ཚོགས་ཁྲོད་དུ་ཟབ་འཇུག་དང་། ལས་དོན་ཏན་ཏིག་བསྒྲུབས་པ། རང་ཉིད་སྦྱོང་བརྡར་བྱེད་པ་བཅས་ཀྱི་འདུན་པ་ཆེན་པོ་འགྲུབ་ཐུབ་ངེས་ཡིན་སྙམ་བྱུང་།     (མུ་མཐུད་འགོད་རྒྱུ )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།