དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་སློབ་གསོ་ཐིང་གི་གྲོང་ཚོར་བཅའ་སྡོད་བྱེད་མཁན་མི་སྣར་དཔའ་ངར་ཆེར་བསྐྱེད་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སློབ་གསོ་ཐིང (སློབ་གསོ་ལས་དོན་ཨུ་ལྷན )གིས་མཛད་སྒོ་འཚོགས་ནས་པ་སྣམ་རྫོང་དུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བར་སྐྱོད་མཁན་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མིར་ཕེབས་སྐྱེལ་ཞུས་པ་རེད།

        རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་སུང་ཧོ་ཕིང་གིས་ལས་དོན་ཚོགས་ཆུང་དང་བཅས་པའི་མི་5གྲོང་ཚོར་བཅའ་སྡོད་བྱས་རྗེས་མང་ཚོགས་དང་མཉམ་དུ་བོད་ཀྱི་ལོ་གསར་གཏོང་བ་དང་མང་ཚོགས་དང་འབྲེལ་གཏུག་རྒྱ་ཁྱབ་བྱས་ནས་ས་གནས་དེ་གའི་རྫོང་ཨུ་ལྷན་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་ལས་དོན་ཧུར་ཐག་སྤེལ་བ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་འབྲེལ་གཏུག་ས་ཚིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། འབྲེལ་གཏུག་ས་ཚིགས་ཀྱི་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་པ། འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་རོགས་བྱེད་པ། གཞི་རིམ་གྱི་སྟོབས་ཤུགས་ཤུགས་ཆེ་རུ་དང་འཐུས་ཚང་དུ་གཏོང་བའི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱས་ཏེ་མང་ཚོགས་ཚོར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་ངལ་སེལ་རོགས་བྱེད་པ་བཅས་ཧུར་ཐག་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིང་འབྲོག་པ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་ཏན་ཏིག་མཚོན་ཐུབ་པ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཆེད་དང་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ནས་བྱེད་སྒོ་ཁག་གི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས། “གཏན་འབེབས་བྱས་པའི་བྱེད་སྒོ ”ཡག་པོ་སྤེལ་ཐུབ་པ་བྱེད་པ་དང་དུས་མཚུངས་སློབ་གསོའི་སྡེ་ཚན་གྱི་ལེགས་ཆ་དང་ཆ་རྐྱེན་འདོན་སྤེལ་གང་ལེགས་ཀྱིས་སློབ་གསོའི་གསོ་སྦྱོང་ཡག་པོ་བྱས་ནས་མང་ཚོགས་ཚོར་ཉེར་སྤྱོད་ལག་རྩལ་ཁོང་དུ་ཆུད་རོགས་བྱས་ཏེ་ཐོན་སྐྱེད་དང་། ལས་བཏོད། ལས་ཞུགས་བཅས་ཀྱི་ནུས་པ་ཆེར་གཏོང་གིས་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་སློབ་གསོ་ཐིང (སློབ་གསོ་ལས་དོན་ཨུ་ལྷན )གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དེ་ཟླ་དང་པོ་ནས་འགོ་བཙུགས་ཏེ་ཟླ་12པའི་ཟླ་མཇུག་ཏུ་མཇུག་འགྲིལ་བ་བྱ་རྒྱུ་ཡིན་པ་དང་། བྱེད་སྒོ་དེ་སྐུལ་སློང་གྲ་སྒྲིག་དང་། གྲོང་ཚོ་དང་ཁྱིམ་དུད་དུ་བཅའ་སྡོད། ལས་དོན་ཕྱོགས་སྡོམ་བཅས་བྱེད་པའི་དུས་མཚམས་གསུམ་དུ་དབྱེ་ནས་སྤེལ་རྒྱུ་ཡིན་ཞིང་། སྐུལ་སློང་གྲ་སྒྲིག་དུས་མཚམས་སུ་ལྗོངས་སློབ་གསོ་ཐིང (སློབ་གསོ་ལས་དོན་ཨུ་ལྷན )གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་ལས་སྒྲུབ་སྒྲིག་གཞི་བཙུགས་ནས་འབྲེལ་གཏུག་ས་ཚིགས་ཡིན་པའི་པ་སྣམ་རྫོང་མག་ཤང་ཕུ་གཞིས་གྲོང་ཚོར་ཆེད་མངགས་བསྐྱོད་དེ་རང་འགུལ་ངང་འབྲེལ་གཏུག་བྱེད་པ་དང་། མཐུན་སྦྱོར་བྱེད་པ། སྦྲེལ་མཐུད་བྱེད་པ་བཅས་བྱས་ཡོད་པ་མ་ཟད། ལག་བསྟར་ཇུས་གཞི་བཟོས་ཏེ་མི་སྣ་བཀོད་སྒྲིག་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་བཙུགས་ཏེ་མི་རྒྱུ་དངོས་གསུམ་གྱི་ཐད་རོགས་སྐྱོར་ཤུགས་ཆེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།