བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོ་ཆབ་མདོ་ས་ཁུལ་གྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་པ་དེས་ཆབ་མདོ་ས་ཁུལ་གྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྒོ་ཀུན་ནས་སྤེལ་བ་མཚོན་ཞིང་། ཆབ་མདོར་བཅའ་སྡོད་རང་སྐྱོང་ལྗོངས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད་ཆབ་མདོ་ས་ཨུད་ཀྱིས 《ས་ཁུལ་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཐབས་ཇུས 》བཟོས་ཤིང་། ཆབ་མདོ་ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་344གཏན་འཁེལ་བྱས་པ་དེའི་ནང་རང་སྐྱོང་ལྗོངས་ཀྱིས་ཆབ་མདོར་བཏང་བའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་14དང་ས་ཁུལ་དང་། རྫོང་། ཤང་བཅས་རིམ་པ་གསུམ་ལས་གྲུབ་པའི་གྲོང་ཚོར་བཅའ་སྡོད་མཉམ་འབྲེལ་ལས་དོན་ཚོགས་ཆུང་330ཚུད་ཡོད་པ་རེད། ལས་དོན་ཚོགས་ཆུང་དེ་དག་གྲོང་ཚོ (གྲོང་མི་ཨུ་ཡོན་ལྷན་ཁང )334རུ་བཅའ་སྡོད་བྱ་རྒྱུ་ཡིན་པ་དེས་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ (གྲོང་མི་ཨུ་ཡོན་ལྷན་ཁང )བསྡོམས་འབོར་གྱི་30.1%བཟུང་ཡོད་པ་རེད། བྱེད་སྒོ་དེ་2011ལོའི་ཟླ་1ནས་འགོ་བཙུགས་ཏེ་2011ལོའི་ཟླ་12པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།
རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་ཅོར་གཞུང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཕུན་ཚོགས་ཀྱིས་སྐུལ་སློང་ཚོགས་ཆེན་ཐོག་ལས་དོན་ཚོགས་ཆུང་བཅའ་སྡོད་ས་ཚིགས་སུ་འབྱོར་རྗེས་ས་གནས་དེ་གའི་མཐུན་སྦྱོར་དང་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་། སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བ། གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུར་ཤུགས་རྐྱེན་བཟོ་བ། སྤྱོད་ཚུལ་དང་གཟུགས་བཪྙན་ལ་ཤུགས་རྐྱེན་བཟོ་བ། སྤྱོད་གཙང་ངང་ཉེན་རྟོག་གི་ལས་དོན་སྒྲུབ་རྒྱུར་ཤུགས་རྐྱེན་བཟོ་བ་སོགས་མངོན་གསལ་དོད་པའི་གནད་དོན་ལྔར་དམ་པོར་དམིགས་ནས་ལས་དོན་ཧུར་ཐག་སྤེལ་རྒྱུ་དང་འབྲེལ་འབྲེལ་གཏུག་བྱེད་སའི་སྤྱི་བདེའི་ལས་ཁུངས་ལ་འབྲེལ་ཡོད་ལས་དོན་སྤེལ་རོགས་བྱས་ཏེ་ས་གནས་དེ་གའི་སྤྱི་བདེ་སྡེ་ཚན་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་དང་། སྤྱི་བདེའི་ལས་དོན་ཐད་ཀྱི་ཚན་རྩལ་ཆུ་ཚད། སྤྱི་བདེ་སྡེ་ཚན་གྱི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་ཐོབ་ཚད་བཅས་མཐོ་རུ་གཏོང་རྒྱུ་དང་། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་དངོས་འབྲེལ་ཤེས་ཐུབ་པ་བྱས་ནས་ཏང་གི་ཡིད་འགུགས་ནུས་པ་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་དང “འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས ”བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ལས་བྱེད་དང་མང་ཚོགས་ཀྱིས “མཐུན་སྒྲིལ་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པའི ”གནས་ལུགས་ཤེས་པ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། ཆབ་མདོ་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་ཚེས་28ཉིན་རང་སོ་སོའི་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ་ལས་དོན་སྤེལ་རྒྱུ་ཡིན་པ་རེད།