ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ།
གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།
ཟླ་2ཚེས་21ཉིན་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་དེ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཞུགས་མི་སྣས་ཚོགས་འདུའི་ཐོག་ཟིན་བྲིས་ནན་ཏན་འགོད་པའི་གནས་ཚུལ་ཡིན་པ།
འགོ་ཚུགས་གཏམ།
འདི་ལོའི་ཟླ་1ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་དང་བསྟུན་ནས་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ། གྲོང་ཚོར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པ་དང་། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འོས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབ་པ། བྱེད་སྒོ་ཡག་པོ་སྤེལ་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་ལས་འགན་ལེགས་འགྲུབ་ཡག་པོ་བཅས་བྱ་ཆེད་དང་དུས་གཅིག་ཏུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་། བྱེད་ཐབས་བཟང་པོ། སྔོན་ཐོན་དཔེ་མཚོན། སྔོན་ཐོན་བྱས་རྗེས་བཅས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཆེད་འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་ཆེད་སྒྲིག་ལེ་ཚན 《ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ —གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ 》ཞེས་པ་འདོན་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་21ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཡག་པོ་སྤེལ་ཆེད་རང་སྐྱོང་ལྗོངས་ཀྱིས་ལས་བྱེད་པ་ཆིག་ཁྲི་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་ཆིག་སྟོང་ཙམ་དུ་བསྐྱོད་དེ་ལས་དོན་སྤེལ་རྒྱུ་ཡིན་པ་དེ་ནི་ལོ་མང་རིང་དུས་ཚོད་རིང་ཤོས་དང་། མངག་གཏོང་ལས་བྱེད་པའི་མི་གྲངས་མང་ཤོས། སྒྲིག་འཛུགས་ཀྱི་གཞི་ཁྱོན་ཆེ་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་རང་ལྗོངས་ཀྱི་བྱེད་སྒོ་ཞིག་ཡིན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་མང་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ད་ཕན་ལོ་ཤས་རིང་སྔ་རྗེས་སུ “ལས་བྱེད་པ་ཆིག་ཁྲི་གཞི་རིམ་དུ་བསྐྱོད་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི ”བྱེད་སྒོ་དང་། དོན་འཁྱོལ་ལོའི་བྱེད་སྒོ། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ། “རོགས་རམ་གཉིས ”ཀྱི་བྱེད་སྒོ་སོགས་སྤེལ་ཡོད། ལྗོངས་ཏང་ཨུད་ཀྱི་ལོ་གཅིག་ལ་གཞི་རྟེན་གཅིག་གི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལོར་དམ་འཛིན་བྱ་རྒྱུའི་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱིས་ད་དུང་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལོའི་བྱེད་སྒོ་དང་། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལོའི་བྱེད་སྒོ། ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་སོགས་སྤེལ་བས་བྱེད་སྒོ་དེ་དག་གིས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་སྒྱུར་རྒྱུ་དང་། ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་གཟུགས་བཪྙན་འཛུགས་རྒྱུ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱུང་བ་མ་ཟད། རྩ་ཆེའི་ཉམས་མྱོང་ཡང་བསགས་ཐུབ་པ་བྱུང་ཡོད།
འདི་ལོའི་ཟླ་1ཚེས་5ཉིན་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་དང་བསྟུན་ནས་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ནས་ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལས་དོན་ཚོགས་ཆུང་ཆིག་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བཅའ་སྡོད་གྲོང་ཚོ་དང་དུད་ཚང་དང་ས་གནས་ཁག་ཏུ་བསྐྱོད་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་དང་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་མང་ཚོགས་ཁྲོད་བསྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་དྲིལ་བསྒྲགས་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་དུས་བབ་གསར་པའི་འོག་གི་ཐབས་ལམ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་ལ་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ་དེ་ནི་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་དང་། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པ་རེད།