དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་དོན་གཉེར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལོ་དང་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད་ལྗོངས་ཏང་ཨུད་ཀྱིས་འདི་ལོ་ནི་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོར་བརྩི་རྒྱུའི་གཏན་འབེབས་བྱས་ཡོད། ཉེ་ཆར་གསར་འགོད་པས་ད་རེས་ཀྱི་བྱེད་སྒོའི་འབྲེལ་ཡོད་གནད་དོན་སྐོར་ལ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྗོངས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཅིན་ཧྲུའུ་པོ་ལ་བཅར་འདྲི་ཞུས་པ་གཤམ་གསལ།

        གསར་འགོད་པ། 2011ལོ་ནི་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོར་གཏན་འབེབས་གནང་ཡོད། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ཁྱེད་ཀྱིས་ད་རེས་བྱེད་སྒོ་སྤེལ་བའི་དོན་སྙིང་ངོ་སྤྲོད་ཅིག་གནང་དང་།

        ཅིན་ཧྲུའུ་པོ། ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་ཞིང་འབྲོག་ཁུལ་དང་གཞི་རིམ་དུ་བསྐྱོད་དེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཁར་ལས་བྱེད་པའི་ནུས་པ་འཕེལ་བ་བྱེད་པ་དང་། ལས་བྱེད་པ་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུར་ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་དང་། གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་པ། གཞི་རིམ་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ། སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་བཅས་ཀྱི་ཁར་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

        གསར་འགོད་པ། རང་རེའི་ཏང་གི་ལས་དོན་གྱི་རྨང་གཞི་གཞི་རིམ་དུ་ཡོད་པ་དང་སྟོབས་ཤུགས་གཞི་རིམ་དུ་ཡོད། དེར་བརྟེན་ད་རེས་ཀྱི་བྱེད་སྒོ་དེར་བྱ་ཐབས་གང་འདྲ་ཞིག་སྤྱད་དེ་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ནམ།

        ཅིན་ཧྲུའུ་པོ། གཞི་རིམ་གྱི་ལས་དོན་ནི་རང་རེའི་ཏང་གི་རྩ་བའི་རྨང་གཞི་དང་རང་རེའི་སྟོབས་ཤུགས་འབྱུང་གནས་དང་སྲིད་སྐྱོང་འབྱུང་ཁུངས་ཡིན་ཞིང་གཞི་རིམ་གྱི་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཐོག་མཐའ་བར་གསུམ་དུ་ཡིན་པས་རང་རེའི་ཏང་གིས་སྔར་ནས་བཟུང་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གཞི་རིམ་གྱི་གནད་དོན་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་འོག་དེ་བས་གལ་འགངས་ཆེ་བ་ཞིག་རེད། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཅིག་སྡུད་ཀྱི་བྱེད་སྒོ་ཐེངས་གཅིག་ལ་བརྟེན་ནས་གནད་དོན་ཡོད་རྒུ་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་པར་ངེས་པར་དུ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་བཙུགས་ཚེ་གཞི་ནས་ཕུགས་ཀྱི་ནུས་པ་ཐོན་ཐུབ།

        གསར་འགོད་པ། ད་རེས་ཀྱི་བྱེད་སྒོའི་ལས་འགན་གཙོ་བོ་གང་ཡིན་ནམ། ད་རེས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དམིགས་ཚད་གང་འདྲ་ཞིག་ཏུ་སླེབས་པ་བྱ་རྒྱུ་ཡིན་ནམ།

        ཅིན་ཧྲུའུ་པོ། གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོར་གཙོ་བོ་ལས་འགན་ཁག་བཞི་ཡོད་པ་སྟེ། གཅིག་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོས་ཤེས་པ་དང་བརྟན་པོར་ངེས་པ་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་འགྱུར་ཡོང་བ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་། གཉིས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱེད་སྒོའི་དུས་མཚམས་དང་ལྷུ་ཚིགས་ཡོད་རྒུའི་ནང་ཁྱབ་པ་བྱས་ནས་འཕེལ་རྒྱས་དང་། དམངས་འཚོ། བརྟན་ལྷིང་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་ཤིང་། ད་རེས་ཀྱི་བྱེད་སྒོའི་ནང་ལས་བྱེད་པ་ཁྲི་གཞི་རིམ་དུ་མངགས་གཏོང་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་ལ་སྐུལ་མ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་དགོས་གལ་ཆེ་ཤོས་ཀྱི་སར་བསྐྱོད་དེ་བདེ་སྡུག་འདྲི་བ་དང་། མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ། མང་ཚོགས་ལ་དོན་དངོས་ཁ་ཤས་བསྒྲུབ་པ་བཅས་བྱེད་པར་ཏང་ཡོན་ལས་བྱེད་པའི་ཚད་གཞིར་བརྟེན་ནས་མང་ཚོགས་ལ་བག་ཆགས་ཡག་པོ་ཞིག་འཇོག་པ་དང་སྐུལ་ཁྲིད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ནན་ཏན་ངང་ཐག་གཅོད་བྱས་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ། བཞི་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱ་རྒྱུར་རོགས་རམ་བྱེད་དགོས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ཁྲིད་སྟོན་དང་རོགས་རམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རིང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ནན་ཏན་ངང་ཞིབ་འཇུག་བྱེད་པ། བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཤུགས་ཆེར་གཏོང་བ། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པའི་བབ་ཆགས་འཇོག་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་འཕེལ་བ་བྱེད་པ་བཅས་བྱས་ཏེ་གཞི་རིམ་གྱི་རྩ་འཛུགས་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བའི་དམིགས་ཚད་གཙོ་བོ་ནི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་ལྟ་བ་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་དེ་དོན་ཆུང་མིན་པའི་བསམ་བློ་བརྟན་པོར་འཛུགས་པ། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་འབྲེལ་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་པ་དང་། མང་ཚོགས་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་མ་ཟད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ནམ་ཡང་གཞི་རིམ་མང་ཚོགས་ཀྱི་སེམས་ལ་ཟུག་པའི་ལས་དོན་ཚོགས་ཆུང་ཞིག་གནས་པ་བྱེད་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།