ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པའི་རྣམ་པ་གསར་པ་གཏོད་རྒྱུའི་ནུས་ལྡན་ལམ་སྲོལ་ཞིག་འཚོལ་ཞིབ་ཧུར་ཐག་བྱ་ཕྱིར་འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་ཆ་སྒྲིག་འདུ་འགོད་ལག་ལེན་བསྟར་རྒྱུར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་གཏོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་ཡོན་ཆ་སྒྲིག་དབུལ་སྐྱོར། ཏང་ཡོན་དང་མང་ཚོགས་ཆ་སྒྲིག་གཅེས་སྐྱོང་བཅས་ཡོང་བ་བྱས་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། གསར་གཏོད་ནུས་པ་བཅས་ཆེ་རུ་སོང་བ་དང་། ཏང་དང་མི་རིགས་ཁག་གི་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། ཏང་གི་སྲིད་སྐྱོང་གི་རྨང་གཞི་བརྟན་དུ་སོང་བ་བཅས་བྱུང་ནས་འབྱོར་འབྲིང་དང་། དུས་བདེ། མཐུན་སྦྱོར། སྣོད་བཅུད་བཟང་བ་བཅས་ཀྱི་ལྷ་ས་ཞིག་བསྐྲུན་རྒྱུར་རྩ་འཛུགས་ཀྱི་འགན་ལེན་སྲ་ཞིང་བརྟན་པ་ཞིག་བྱུང་ཡོད།
ལག་བསྟར་གྱི་ཇུས་གཞི་བཟོས་ནས་དམངས་ཕྱུག་པོ་ཆགས་རྒྱུར་རོགས་རམ་དང་དམངས་ཀྱི་སེམས་ཁྲལ་བསལ་བ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་རྩ་འཛུགས་དབར་ཆ་སྒྲིག་མཉམ་གཏོད་བྱས་པ། ལྷ་ས་གྲོང་ཁྱེར (ཀྲུང་དབྱང་ཐད་གཏོགས )ཐད་གཏོགས་ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཤང་དང་གྲོང་རྡལ་ཏང་ཨུད་དང་ཆ་སྒྲིག་པ་དང་རྫོང (ཆུས )ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་གཅིག་མ་མཐར་ཆ་སྒྲིག་ནས་འཕེལ་རྒྱས་དང་། བརྟན་ལྷིང་། རང་ངོས་འཛུགས་སྐྱོང་ཐད་ལྷག་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་སུ་བཀར་ནས་ཐག་གཅོད་བྱས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་བློ་གཏོང་ཕྱོགས་དང་། ཐབས་ཇུས་བཟོ་བ། བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་ལ་རོགས་རམ་དང་ཁྲིད་སྟོན་བྱས་ཁར་ཆ་སྒྲིག་ཡུལ་ཤང་དང་གྲོང་རྡལ་ཁོངས་གཏོགས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་དང་ཆ་སྒྲིག་ཡུལ་གྲོང་ཚོ་དེ་དག་ལོ་3 ནང “ལེགས་པོ་ལྔའི ”ཏང་ཀྲི་པུའུ་ལ་འགྱུར་རྒྱུར་བརྩོན་ལེན་བྱས་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་ཡོན་དབར་ཆ་སྒྲིག་རོགས་རམ་བྱས་པ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་འགོ་ཁྲིད་ཀྱིས་ཏང་ཡོན་ཞིང་འབྲོག་པ (ཁྱིམ་ཚང )གཅིག་དང་ཆ་སྒྲིག་ནས “གཅིག་གིས་གཅིག་ལ་རོགས་རམ་བྱེད་པའི ”བྱ་ཐབས་ལ་བརྟེན་ཏེ་ཏང་ཡོན་ཞིང་འབྲོག་པ (ཁྱིམ་ཚང )ཕྱུག་འགྱུར་སྣེ་ཁྲིད་མཁན་དུ་གསོ་སྦྱོང་བྱས་པ། ཏང་རྩ་འཛུགས་ཀྱིས་ཆ་སྒྲིག་པའི་འབྲེལ་བར་གཞིགས་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པ་གཞོན་པ་ཡན་གཞན་གྱི་འགོ་ཁྲིད་ལས་བྱེད་པས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་གཅིག་དང་ཆ་སྒྲིག་ནས “གཅིག་གིས་གཅིག་ལ་རོགས་རམ་བྱེད་པའི ”བྱ་ཐབས་ལ་བརྟེན་ཏེ་དོན་དངོས་ཀྱི་གནད་དོན་དམིགས་སུ་བཀར་ནས་ཐག་གཅོད་བྱས་པས་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་ནས་ཁོང་ཚོའི་བསམ་བློའི་ངོས་འཛིན་དང་རང་ངོས་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཆེ་རུ་སོང་བ་རེད།
ཏང་ཡོན་དང་མང་ཚོགས་དབར་གཅེས་སྐྱོང་བྱ་རྒྱུ་ཆ་སྒྲིག་པ།
ལྷ་ས་གྲོང་ཁྱེར (ཀྲུང་དབྱང་ཐད་གཏོགས )ཐད་གཏོགས་ཚན་པའི་ཁོའོ་རིམ་པའི་ལས་བྱེད་ཁྲོད་ཀྱི་ཏང་ཡོན་གྱིས་ཏང་ཡོན་3 ཡན་སྣེ་ཁྲིད་དེ “ཏང་ཡོན་གཅེས་སྐྱོང་ཚོགས་ཆུང ”བཙུགས་ནས་ཆ་སྒྲིག་བྱ་ཡུལ་ཤང་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་མང་ཚོགས་དང་ཆ་སྒྲིག་གཅེས་སྐྱོང་ཡོང་བ་བྱས་ཤིང་། རྫོང (ཆུས )ཚན་པ་ཁག་གི་ཏང་ཡོན་ཁྲོད་ཁོའོ་རིམ་པའི་ལས་བྱེད་པ་དང་དཀའ་ངལ་ཆེ་བའི་མང་ཚོགས་དབར་ཆ་སྒྲིག་ནས་ལོ་རེར་དཀའ་ངལ་ཆེ་བའི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་རྒྱུའི་འགན་ལེན་བྱས་པ་རེད།
རྩ་འཛུགས་སྡེ་ཚན་གྱིས་གཙོ་གནད་ལ་དམ་འཛིན་དང་མིག་དཔེ་གཏོད་རྒྱུའི་སྣེ་ཁྲིད་བྱས་པ།
ཚྭ་རགས་ཤང་གི་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་ཤང་དེའི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་ཆེད་ལྷ་ས་གྲོང་ཨུད་རྩ་འཛུགས་པུས་འདི་ལོའི་ལོ་འགོར་གྲོང་ཁྱེར་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ལ་ཚྭ་རགས་ཤང་དུ་ཞིང་ལས་དང་། ཆུ་བེད། འགྲིམ་འགྲུལ། དབུལ་སྐྱོར་སོགས་དགོས་གཏུགས་རྣམ་གྲངས་12 དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་བྱེད་རོགས་བྱས་པས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་ 174 བཏང་ཡོད། ཡུལ་དེའི་མང་ཚོགས་ལ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་འབབ་འཕར་གྱི་ཡོང་སྒོ་གསར་པ་གཏོད་རོགས་བྱས་པ་རེད།
ཚྭ་རགས་ཤང་སྲིད་གཞུང་གིས་ས་སྨད་གྲོང་ཚོའི་ཚོགས་ཆུང་དྲུག་པར་དྲོད་ཁང་འཛུགས་རོགས་བྱས་ནས་མཉམ་སྡེབ་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་རྩིས་ཡོད་རུང་མ་དངུལ་ཁ་ཐང་བའི་གནས་ཚུལ་ཤེས་རྗེས་ལྷ་ས་གྲོང་ཨུད་རྩ་འཛུགས་པུས་ཚྭ་རགས་ཤང་ལ་དྲོད་ཁང་བསྐྲུན་རྒྱུར་མཁོ་བའི་མ་དངུལ་དང་དྲོད་ཁང་གི་ཁེབས་རང་འགུལ་ངང་ཐག་གཅོད་བྱ་རྒྱུའི་ཐག་བཅད་པ་རེད། “གྲོང་ཚོར་གསོག་འཇོག་བྱེད་ཚད་མང་དུ་གཏོང་རྒྱུ་དང་ཤང་དུ་རྒྱུ་ནོར་མང་དུ་གཏོང་རྒྱུའི ”དམིགས་ཚད་འགྲུབ་ཆེད་གྲོང་ཨུད་རྩ་འཛུགས་པུས་ད་དུང་མ་དངུལ་སྒོར་ཁྲི་15དོན་འཁྱོལ་བྱས་ནས་ས་སྨད་གྲོང་ཚོ་དང་དཔལ་གླིང་གྲོང་ཚོར་གྲོང་ཚོ་རིམ་པའི་དཔལ་འབྱོར་གྱི་དངོས་ཚན་རེ་བསྐྲུན་རོགས་བྱས་པ་རེད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ནི་དོན་ཆེན་ཞིག་ཡིན་པས་དེར་རྟག་ཏུ་དོ་ཁུར་བྱེད་ཀྱི་ཡོད་ཅིང་། ཚྭ་རགས་ཤང་ཚོགས་ཆུང་གཉིས་པའི་ཚེ་རིང་ཆོས་སྒྲོན་དང་། ས་སྨད་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཟླ་བ་བཟང་པོ། དཔལ་གླིང་གྲོང་ཚོའི་ཚོགས་ཆུང་བཞི་པའི་དབྱངས་ཅན་བཅས་ཀྱི་ཁྱིམ་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་ཁང་པ་རྒྱག་ཐུབ་ཀྱི་མེད་པ་དང་ཡུན་རིང་དཀར་ཆ་མེད་ལ་ཐབས་ཆག་ཡིན་པའི་ཁང་པ་ཪྙིང་པའི་ནང་བསྡད་ཀྱི་ཡོད་ཁར་ལོ་མང་ཉམས་གསོ་བྱེད་ཐུབ་མེད་པས་ཉེན་ཁ་ཆེན་པོ་ཡོད། གྲོང་ཨུད་རྩ་འཛུགས་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཁོང་ཚོས་ཁང་པ་གསར་པ་བརྒྱབ་ཐུབ་པ་བྱུང་ནས་དེའི་ནང་སྤོས་པ་རེད། རགས་རྩིས་ལྟར་ན། གྲོང་ཨུད་རྩ་འཛུགས་པུས་ཁང་སྐྲུན་མ་དངུལ་སྒོར་ཁྲི་12 གྲབས་གསོག་བྱས་ཏེ་ཚྭ་རགས་ཤང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུད་20 ལ་སྡོད་ཁང་གསར་པ་སྐྲུན་རོགས་བྱས་པ་རེད།
གོང་འོག་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན།
འདམ་གཞུང་རྫོང་གི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་18 ཀྱིས་ཤང་གྲོང་8 དང་ཆ་སྒྲིག་པ་དང་། རྫོང་རིམ་པའི་ཏང་ཡོན་ལས་བྱེད་པ་21 གིས་འཚོ་བར་དཀའ་ངལ་ཡོད་པའི་འབྲོག་པ་ཏང་ཡོན་ཁྱིམ་དུད་21 དང་ཆ་སྒྲིག་པ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁོའོ་རིམ་པའི་ལས་བྱེད་པ་88 དང་ཤང་གྲོང་གི་ཁོའོ་རིམ་པའི་ལས་བྱེད་པ་59 ཡིས་འཚོ་བར་དཀའ་ངལ་ཡོད་པའི་ཐེམ་དུད་147 དང་ཆ་སྒྲིག་པ། རྫོང་ཐད་གཏོགས་དང་ཤང་གྲོང་གི་ཏང་ཡོན་ལས་བྱེད་པ་དཀྱུས་མ་334 ཡིས་མི་གྲངས་གསུམ་ཡན་གྲུབ་པའི་ཏང་ཡོན་གཅེས་སྐྱོང་ཚོགས་ཆུང་82 ཀྱིས་འཚོ་བར་དཀའ་ངལ་ཡོད་པའི་ཐེམ་དུད་82 དང་ཆ་སྒྲིག་པ། གྲོང་ཚོ (ཡུལ་མི་ཨུ་ལྷན )ཚན་ཁག་གཉིས་ཀྱི་ཁོངས་མི་དང་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་པས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་306 དང་ཆ་སྒྲིག་བྱས་པ་བཅས་དང་ད་བར་རོགས་དངུལ་སྒོར་ཁྲི་30 ལྷག་ཙམ་བཏང་ནས་འཕེལ་རྒྱས་རྣམ་གྲངས་30 ལྷག་ཙམ་གཏན་འཁེལ་བྱས་པ་རེད།
སྟག་རྩེ་རྫོང་གིས “ཏང་ཡོན་བརྒྱ་ཡིས་དབུལ་པོའི་ཐེམ་དུད་དང་ཆ་སྒྲིག ”པ་དང་། “ལས་བྱེད་པ་བརྒྱ་ཡིས་ཁེ་ལས་ལ་རོགས་རམ ”བྱེད་པ། “ཏང་ཡོན་སྟོང་ཞིང་པའི་དུད་ཚང་དུ་བསྐྱོད་པ ”བཅས་ཀྱི་བྱེད་སྒོ་སྤེལ་བ་དང་ད་བར་ཆ་སྒྲིག་རོམས་རམ་254 བྱས་པར་རོགས་དངུལ་སྒོར་ཁྲི་ 25 བཏང་ཡོད། ཁེ་ལས་ 15 ལ་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རོགས་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་ཆེད་དཀའ་གནད་ཁག་20 སེལ་རོགས་བྱས་པ་དང་འབྲེལ་ཞིང་འབྲོག་ཏང་ཡོན་སྒྲིག་འཛུགས་བྱས་ནས་མང་ཚོགས་ལ་བྱ་བ་བཟང་པོ་ 1000 ལྷག་ཙམ་སྒྲུབ་རོགས་བྱས་པས་མང་ཚོགས་6200 ལ་ཕན་པ་ཐོབ་ཡོད་པ་རེད།
མལ་གྲོ་གུང་དཀར་རྫོང་གིས་དངོས་ཟོག་དང་། རིག་སྟོབས། རིག་གནས་སོགས་ཐད་རོགས་རམ་བྱེད་པའི་བྱེད་སྒོ་ནན་ཏན་སྤེལ་བ་དང་ད་བར་ཏང་ཀྲི་པུའུ་ཁག་གིས་ཆ་སྒྲིག་གྲོང་ཚོར་ཞིང་འཕྲུལ་སོགས་ཉོ་རོགས་བྱས་པར་སྒོར་ཁྲི་15 བཏང་བ་དང་། ཞིང་འབྲོག་པ་མི་ཐེངས་200 གསོ་སྦྱོང་བྱས་པ། གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་ཐེངས་25 བྱས་པ་བཅས་ལ་ཞིང་འབྲོག་པའི་དགའ་བསུ་ཐོབ་ཡོད་པ་རེད།