དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་བླང་བྱ་གསར་པ་བཏོན་ཡོད་ལ་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་པར་ལས་ཀའི་བར་སྟོང་ཡང་རྒྱ་སྐྱེད་བྱས་པ་རེད། རང་ལྗོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཁེ་ལས་སུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་ཐད་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

        ཁེ་ལས་ཀྱི་ཏང་རྩ་འཛུགས་ནི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཁེ་ལས་ནི་ཁྲོམ་རའི་བྱེད་སྒོའི་གཙོ་གཟུགས་ཆེས་གཞི་རྩ་དང་ཆེས་གལ་ཆེན་ཞིག་དང་ཁྲོམ་རའི་ལམ་སྲོལ་འཁོར་རྒྱུག་གི་རྨང་གཞི་བྱེ་བྲག་ཞིག་ཡིན། ཁེ་ལས་ཀྱི་ཏང་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལག་ལེན་བསྟར་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་ཏང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་ཡིན་པས་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་མེད་དུ་མི་རུང་བའི་ནུས་པ་ཞིག་འདོན་སྤེལ་བྱེད་ཀྱི་ཡོད། ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཏང་འཛུགས་སྐྱོང་གི་ནང་དོན་རྒྱ་ཆེར་གཏོང་བ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་ཀྱང་རེད། དེ་ལས་བལྟས་ན་ཁེ་ལས་ཁྲོད་ཀྱི་ཏང་རྩ་འཛུགས་དེ་ལས་ཁུངས་དང་། ཚན་པ། སྡེ་ཁུལ། ཚོགས་སྤྱི་སོགས་ཀྱི་ཏང་རྩ་འཛུགས་གང་རུང་ཞིག་དང་འདྲ་བར་ཕན་ཚུན་མཐུན་སྦྱོར་ལྡན་པའི་ཚོགས་སྤྱི་ཞིག་ཡིན་པ་དེས་ཏང་དང་མི་དམངས་ཀྱི་ལས་འགན་ཕྲག་ཏུ་འཁུར་གྱི་ཡོད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ངེས་ཅན་ཞིག་ལག་ལེན་བསྟར་གྱི་ཡོད་པ་རེད།

        ཁེ་ལས་ཁྲོད་ཀྱི་ཏང་རྩ་འཛུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཀྱི་དར་དམར་རྣམ་པར་བཀྲ་བ་ཞིག་ཏུ་་འཛུགས་སྐྱོང་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དེ་འཕེལ་རྒྱས་དང་སྟོབས་ཆེར་སྔར་བས་འགྲོ་བ་དང་དུས་མཚུངས་ཁེ་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའམ་ཡང་ན་སྤྱི་ཚོགས་སུ་ཡོད་པའི་ཁེ་ལས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཤུགས་རྐྱེན་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད། ལག་ལེན་ལས་ཁེ་ལས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱིས་ཁེ་ལས་འཕེལ་རྒྱས་ཁྲོད་འགོ་ཁྲིད་ནུས་ལྡན་ཐུབ་པ་དང་། ཇུས་འགོད་ཚན་རིག་དང་མཐུན་པ། བྱ་ཐབས་འོས་འཚམ་བཅས་བྱས་ཚེ་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ཐུབ་པ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཀྱང་དེ་དང་ཆབས་ཅིག་ཆེ་རུ་འགྲོ་ཐུབ་པ་ར་འཕྲོད་བྱུང་ཡོད།

        རང་ལྗོངས་ཀྱི་དཔལ་འབྱོར་གྲུབ་ཆ་ཉིན་བཞིན་སྣ་མང་དུ་འགྱུར་བ་དང་བསྟུན་ཁེ་ལས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁྲོམ་རའི་དཔལ་འབྱོར་དར་རྒྱས་ཡོང་བ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་དགོས་མཁོར་སྔར་བས་འགྱུར་བཞིན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་རང་ལྗོངས་ཀྱི་ཁེ་ལས་ཀྱིས་ཀྱང་འབྱོར་འབྲིང་བོད་ལྗོངས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་སྔར་བས་ནུས་ལྡན་གཏོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།