བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་པ་སྣམ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་པ་སྣམ་རྫོང་ནས་ཤེས་རྟོགས་བྱུང་བར། རྫོང་དེས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ནང་སྟབས་བསྟུན་གྱི་བྱ་ཐབས་སྤྱད་དེ་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རིགས་དབྱེ་རོགས་སྐྱོར་བྱས་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས་ཏང་རྩ་འཛུགས་ཀྱི་ཡིད་འགུག་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་རེད།
བསམ་བློའི་གོ་རྟོགས་མཐོར་གཏོང་བྱ་རྒྱུར་དམ་འཛིན་བྱས་ཤིང་། པ་སྣམ་རྫོང་གིས “དབུལ་སྐྱོར་བྱེད་པར་དང་ཐོག་ཡིད་ཆེས་བརྟན་དུ་གཏོང་དགོས ”པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་གྱི “བསམ་བློའི་གོ་རྟོགས་དམའ་བའི ”གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ་དཀའ་ངལ་ཡོད་པའི་ཏང་ཡོན་ལ་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱས་ནས་ཁོ་ཚོས་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་། སྙིང་སྟོབས་དར་སྤེལ། ཡིད་ཆེས་བརྟན་གཏོང་བཅས་བྱེད་རོགས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི “བསམ་བློའི་གོ་རྟོགས་དམའ་བའི ”གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པ་རེད། བསམ་བློའི་ཐོག་རོགས་སྐྱོར་བྱས་པ་བརྒྱུད་དཀའ་ངལ་ཡོད་པའི་ཏང་ཡོན་གྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་རྒྱ་ཁྱབ་ངང་འཛུགས་རྒྱུར་རོགས་རམ་བྱེད་ཐུབ་པ་བྱུང་ཡོད།
འཚོ་བའི་ཐད་དཀའ་ངལ་སེལ་རོགས་བྱས་ཤིང་། རྒས་པ་དང་། ན་བ། གནོད་འཚེ་སོགས་རྒྱུ་རྐྱེན་ལས་དབུལ་པོར་གྱུར་པའི་ཏང་ཡོན་ལ་འཚམས་འདྲི་བྱས་ཏེ་ཐོན་སྐྱེད་དང་། འཚོ་བའི་ཐད་ཀྱི་ཁོང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད། བྱེད་སྒོ་སྤེལ་ཚུན་རྫོང་ཡོངས་ཀྱིས་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་རོགས་སྐྱོར་མ་དངུལ་ཁྲོད་ནས་བསྡོམས་སྒོར་ཁྲི་8.75བཏོན་ནས་ཏང་ཡོན་ནམ་ཡང་ན་ནང་མི་26གི་སྨན་ཡོན་ཐག་གཅོད་བྱེད་རོགས་བྱས་པ་དང་། ཏང་ཡོན་4ཡི་ལས་ཞུགས་རྩལ་ནུས་གསོ་སྦྱོང་གི་འགྲོ་གྲོན་གཏོང་རོགས་བྱས་པ། ཏང་ཡོན་72ལ་ཐོན་སྐྱེད་རྒྱུ་ཆ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། གཞན་ཡང་བཅར་འདྲི་དང་འཚམས་འདྲི་བྱེད་པ་དང་། དུས་ཆེན་སྐབས་འཚམས་འདྲི་བྱས་པ་སོགས་ཀྱི་རྣམ་པའི་ཐོག་ནས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚོ་བའི་མཁོ་ཆས་དང་། འཚམས་འདྲིའི་དངུལ་སྐྱེལ་བ་བཅས་ལ་རིམ་རྩིས་བྱས་ན་བསྡོམས་སྒོར་ཁྲི་15ཟིན་ཡོད་པ་རེད།
བྱ་གཞག་གཏོད་རོགས་བྱས་ཤིང་། རྫོང་དེས་རྫོང་སྔོ་ཚལ་ཀུང་སིར་བརྟེན་ནས་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་རྟེན་གཞི་བཙུགས་པ་དང་། རྫོང་མི་རིགས་ལག་ཤེས་བཟོ་ལས་གླིང་ཁུལ་དང་མག་ཤང་སྨོན་ཁང་དཀར་གྲོང་ཚོའི་རུམ་འཐག་བཟོ་གྲྭ སྒ་སྦུག་ཤང་སྒ་སྦུག་གྲོང་ཚོའི་རུམ་འཐག་བཟོ་གྲྭ་བཅས་ལ་བརྟེན་ནས་རུམ་འཐག་ལག་རྩལ་གསོ་སྦྱོང་རྟེན་གཞི་3བཙུགས་པ། ཁམས་བཟང་ཞིང་ལས་ཐོན་ཟོག་ལས་སྣོན་འཕེལ་རྒྱས་ཚད་ཡོད་ཀུང་སིར་བརྟེན་ནས་རྩམ་པ་འཐག་ཐབས་ཀྱི་གསོ་སྦྱོང་རྟེན་གཞི་བཙུགས་པ་བཅས་བྱས་པས་མིག་སྔར་རྫོང་ཡོངས་ཀྱིས་དཀའ་ངལ་ཡོད་པའི་ཏང་ཡོན་མི་ཐེངས་140ལྷག་ཙམ་གསོ་སྦྱོང་བྱས་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་21ལ་ལས་གཏོད་དང་ལས་ཞུགས་བྱེད་རོགས་བྱས་པ་རེད།
ཆ་སྒྲིག་རོགས་སྐྱོར་བྱ་རྒྱུར་དམ་འཛིན་བྱས་ཤིང་། པ་སྣམ་རྫོང་གིས “གཅིག་གིས་གཅིག ”དང “གཅིག་གིས་མང་པོ ”“མང་པོས་གཅིག ”བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་ཧུར་ཐག་བྱས་པས་རྫོང་ཡོངས་སུ་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རང་འགུལ་དང་ཧུར་ཐག་ངང་རོགས་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། མིག་སྔར་རྫོང་དེའི་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པས་ཏང་ཡོན་གྱི་ཁྱིམ་ཚང་210ལ་རོགས་སྐྱོར་བྱས་པ་དང་གྲོང་གསེབ་ཀྱི་ཏང་ཡོན་ཕྱུག་པོ་དང་། ཞིང་འབྲོག་པ་ཕྱུག་པོ། ཁེར་རྐྱང་བཟོ་ཚོང་གི་ཁྱིམ་དུད་བཅས་ཀྱིས་རང་ཚུགས་ངང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཁྱིམ་ཚང་37ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།