དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཟངས་རི་རྫོང་དུ་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་འཁྲུག་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ནང་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། གྲོང་ཚོ་རིམ་པའི་ལས་བྱེད་པའི “གཏན་འཁེལ་གཅིག་དང་ཡོད་པ་གསུམ ”གྱི་བླང་བྱ་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ། གཞི་རིམ་རྩ་འཛུགས་ལ་སྔོན་ཐོན་དཔེ་མཚོན་གཏོད་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ཡོན་ལ་ཕུལ་བྱུང་དཔེ་བཟང་བརྩོན་ལེན་བྱ་རྒྱུའི་སྐུལ་མ་གཏོང་བ། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལམ་སྲོལ་གསར་པ་འཛུགས་རྒྱུར་ཤུགས་རྒྱག་པ་བཅས་བྱས་པས་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་འཁྲུག་ཏུ་ཕྱིན་ཡོད་པ་རེད།

        འགན་འཁྲི་གསལ་པོ་བཟོས་པ་དང་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོའི་ལས་བྱེད་པར་དབང་ཆ་དང་འགན་འཁྲི་གཏན་འཁེལ་དང་ཚད་ལྡན་ཡོང་བ་བྱས་ཤིང་། དེ་སྔ་གནས་པའི་གྲོང་ཚོ་ཁག་གཅིག་གི་ལས་བྱེད་པས་གསབ་དངུལ་ལེན་པ་ཙམ་ལས་ལས་ཀ་མི་བྱེད་པའམ་ཡང་ན་ལེགས་ཉེས་ཅི་བྱས་ཀྱང་ལྟ་སྟངས་གཅིག་པ་འཛིན་པའི་དོན་དངོས་ལ་གཞིགས་ནས་ཟངས་རི་རྫོང་གིས་གྲོང་ཚོའི་ལས་བྱེད་པ་འཛུགས་སྐྲུན་དོ་དམ་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་བྱས་པ་དང་གྲོང་ཚོ་རིམ་པའི་ལས་བྱེད་པའི་དོ་དམ་ལམ་ལུགས་བཙུགས་ཐོག་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ལམ་ལུགས་རབ་དང་རིམ་པ་བཟོས་ནས་གྲོང་ཚོ་རིམ་པའི་ཏང་ཀྲི་པུའུ་དང་གྲོང་ཚོའི་ལས་བྱེད་པར་དབང་ཆ་དང་འགན་འཁྲི་གཏན་འཁེལ་བྱེད་པ་དང་ཚད་ལྡན་ཡོང་བ་བྱས་པ་རེད།

        ཐོབ་ཐང་གསལ་པོ་བཟོས་པས་ཡོང་འབབ་འགན་ལེན་བྱུང་ཞིང་། ཟངས་རི་རྫོང་གིས 《ཞིང་འབྲོག་ཁུལ་གྱི་གྲོང་ཚོ་རིམ་པའི་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ཟངས་རི་རྫོང་གི་བསམ་འཆར 》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་ནས་ལོ་ལྟར་ནོར་སྲིད་སྔོན་རྩིས་ཀྱི་མ་དངུལ་སྒོར་ཁྲི་110བཏང་སྟེ་གྲོང་ཚོའི་ལས་བྱེད་པའི་རྨང་གཞིའི་གོ་གནས་གསབ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་རེད། གཞི་རིམ་ཏང་ཡོན་དང་གྲོང་ཚོའི་ལས་བྱེད་པའི་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་ལྗོངས་ཏང་ཨུད་རྩ་འཛུགས་པུས་མ་དངུལ་སྒོར་ཁྲི་10རོགས་རམ་བྱས་པའི་རྨང་གཞིའི་ཐོག་ཟངས་རི་རྫོང་གིས་བོད་སྐྱོར་མ་དངུལ་ནང་ནས་སྒོར་ཁྲི་15ལེགས་སྒྲིག་བྱས་པ་དང་འབྲེལ་ཏང་ཡོན་གྲོན་དངུལ་སྒོར་ཁྲི་1གྲ་སྒྲིག་བྱས་ནས་སྒོར་ཁྲི་26ཡོད་པའི་ཏང་ཡོན་གྱི་ལས་སྐྲུན་རོགས་རམ་ཐེབས་རྩ་བཙུགས་ཐོག་བསམ་ཕྱོགས་ཡོད་པ་དང་རྩལ་ནུས་ཡོད་ཀྱང་མ་དངུལ་དཀོན་པའི་ཏང་ཡོན་ནམ་གྲོང་ཚོའི་ལས་བྱེད་པར་མ་དངུལ་རོགས་རམ་བྱེད་ཀྱི་ཡོད་པ་རེད། ལས་དོན་སྒྲུབ་ཚུན་གྲོང་ཚོའི་ཏང་ཀྲི་པུའུ་1དང་ཏང་ཡོན་5(གྲོང་ཚོའི་ལས་བྱེད་པ )ལ་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་21སྤྲད་པ་རེད།

        རེ་འདུན་གསལ་པོ་བཟོས་པས་ལས་ཀར་སྒུལ་ཤུགས་ལྡན་ཞིང་། གྲོང་ཚོའི་ལས་བྱེད་པའི་ལས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད་ཟངས་རི་རྫོང་གིས་གྲོང་ཚོའི་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱ་རྒྱུ་དེ་རྫོང་དེའི་ལས་བྱེད་པ་གསོ་སྐྱོང་གདམ་གསེས་ལས་དོན་གྱི་ཁྱབ་ཁོངས་སུ་བཞག་ནས་ཞིབ་འཇུག་དང་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དུས་མཚུངས་སུ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ལས་དོན་གྲོན་དངུལ་དེ་རང་སྐྱོང་ལྗོངས་ཀྱིས་མི་རེར་ལོ་རེར་སྒོར་70སྤྲོད་པའི་རྨང་གཞིའི་ཐོག་སྒོར་150མང་དུ་བཏང་བས་མི་རེར་ལོ་རེར་སྒོར་220ཟིན་སྟབས་གྲོང་ཚོའི་རྩ་འཛུགས་ལ་བྱ་བ་གྲུབ་པའི་དངུལ་ཡོད་པའི་འགན་ལེན་བྱུང་བ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་གྲོང་ཚོའི་ལས་བྱེད་པའི་སྤྲོ་སེམས་ཆེ་རུ་ཕྱིན་པ་རེད།

        གཅེས་སེམས་མཚོན་པར་བྱས་ཏེ་ལས་གནས་ནས་ཕྱིར་འཐེན་བྱེད་སྐབས་འགན་ལེན་བྱུང་ཞིང་། གྲོང་ཚོའི་ལས་བྱེད་པ་ལས་ཐོག་ཏུ་ཡོང་འབབ་ཡོད་ཀྱང་ལས་གནས་ནས་བྲལ་རྗེས་འགན་སྲུང་མེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཆེད་ཟངས་རི་རྫོང་གིས་སླར་ཡང་གཙོ་གནད་དུ་གྲོང་ཚོའི་ལས་བྱེད་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་པ་རེད། 2009ལོ་ནས་བཟུང་རྫོང་དེ་ཡོངས་ཀྱི་གྲོང་ཚོའི་ལས་ཐོག་ལས་བྱེད་པ་རྣམས་རྒན་གསོའི་འགན་བཅོལ་ཁྱབ་ཁོངས་སུ་བཞག་ཅིང་། མིག་སྔར་རྫོང་དེ་ཡོངས་སུ་གྲོང་ཚོའི་ལས་བྱེད་པ་158རྒན་གསོའི་འགན་བཅོལ་ནང་ཞུགས་ཡོད་པས་འགན་བཅོལ་ནང་ཞུགས་ཚད་98.8%ཟིན་ཡོད་པ་རེད།

        “གཏན་འཁེལ་གཅིག་དང་ཡོད་པ་གསུམ ”གྱི་ལམ་ལུགས་དོན་འཁྱོལ་བྱས་ཚུན་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་ཟངས་རི་རྫོང་གི་ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་སྟབས་གྲོང་ཚོའི་ལས་བྱེད་པས་བསམ་བློ་དེ་ཇི་ལྟར་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱ་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་བཞག་པ་དང “ཀྲི་པུའུ་དང་། མཐུན་ཚོགས། ཞིང་དུད་བཅས་མཉམ་ལས་བྱེད་པ ”དང “ཀྲི་པུའུ་དང་། ཁེ་ལས། ཞིང་དུད་བཅས་མཉམ་ལས་བྱེད་པ ”སོགས་ཀྱི་བྱེད་སྟངས་ཧུར་ཐག་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཞིང་། མིག་སྔར་རྫོང་དེ་ཡོངས་སུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་5ལས་བརྒལ་བའི་གྲོང་ཚོ་9ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།