དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་ལ་དམ་འཛིན་ནན་པོ་བྱས་ནས་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        པ་སྣམ་རྫོང་གི་ཤར་ལྷོའི་རྒྱུད་དང་པ་སྣམ་རྫོང་གྲོང་ནས་སྤྱི་ལེ་15 ཡི་སར་ཡོད་པའི་བྱང་སྟོད་ཤང་དགེ་ལྡིངས་གྲོང་ཚོར་ཁྱོན་དུད་ཚང་42 དང་། མི་317 ཏང་ཡོན་21 བཅས་ཡོད། 2006 ལོ་དང་2007 ལོར་གྲོང་ཚོ་དེར “ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”དང “ལྗོངས་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཚོ ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་འབྲེལ་གཞིས་རྩེ་ས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སུའང་གྱུར་ཡོད་པ་རེད། 2009 ལོར་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6514 ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་4683 ཟིན་ནས་པ་སྣམ་རྫོང་གི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་དར་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

        2005 ལོ་དང་2008 ལོར་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”སྐབས་བརྗེ་རིང་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བ་དང་། གསོ་སྤེལ་ལག་རྩལ་མཁས་པ། གཉེར་སྐྱོང་དོ་དམ་བྱེད་ཤེས་པ་བཅས་ཀྱི་ཏང་ཡོན་དང་མང་ཚོགས་7 གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ཏུ་སྔ་རྗེས་སུ་བཀོད་སྒྲིག་བྱས་སྟབས་ཚན་ཁག་དེའི་ལོ་ན་དང་རིག་གནས་ཀྱི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱུང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔར་གྲོང་ཚོ་དེའི་ལས་བྱེད་པའི་ཆ་སྙོམས་ལོ་ཚད་ལོ་50 ཡིན་པ་དེ་2005 ལོར་སྐབས་མ་བརྗེས་གོང་དང་བསྡུར་ན་ལོ་5 ཆུང་དུ་ཕྱིན་ཡོད་པ་དང་གྲོང་ཚོའི་ལས་བྱེད་པ་ཚང་མ་ཕྱུག་འགྱུར་འཇོན་ཐང་ཅན་ཤ་སྟག་ཡིན་པ་རེད། ད་ལྟ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཀུན་མཆོག་ཆོས་འཕེལ་ཉམས་མྱོང་ཕུན་སུམ་ཚོགས་པའི་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་ལ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཀྱང་རེད། ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ཚུན་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་4 ལ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་ཡོད་པ་རེད།

        2009 ལོའི་ལོ་མཇུག་བར་གྲོང་ཚོ་དེ་ཡོངས་སུ་ཏང་ཡོན་21 ཡོད་པ་དེས་གྲོང་ཚོ་དེ་ཡོངས་ཀྱི་མི་འབོར་བསྡོམས་གྲངས་ཀྱི་7% བཟུང་བའི་ནང་ཕྱུག་འགྱུར་འཇོན་ཐང་ཅན་7 དང་འདེབས་འཛུགས་གསོ་སྤེལ་གྱི་དུད་ཚང་ཆེ་གྲས་5 ཡོད་པ་རེད། “དམངས་སེམས་འདུ་འགོད ”ལག་བསྟར་ཧུར་ཐག་བྱས་ཤིང་། དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་3.2 བརྩོན་ལེན་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་6 ལ་འདེབས་འཛུགས་གསོ་སྤེལ་རྣམ་གྲངས་སྤེལ་རོགས་བྱས་པས་དཀའ་ངལ་ཡོད་པའི་ཏང་ཡོན་6 པོ་རྩ་བའི་ཆ་ནས་དབུལ་སྒྲོལ་བྱུང་བ་རེད།

        2009 ལོར་གྲོང་ཚོ་དེས “དམངས་སེམས་འདུ་འགོད ”ཀྱི་རང་སྟོབས་ཆེར་གཏོང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་2.6 སླར་ཡང་བརྩོན་ལེན་བྱས་ཏེ་ཕག་གསོའི་གཞི་ཁྱོན་དེ་ཕག་པ་མགོ་གྲངས་100 ནས་མགོ་གྲངས་150 བར་འཕེལ་རྒྱས་བཏང་བ་དང་འབྲེལ་དཀའ་ངལ་ཡོད་པའི་ཏང་ཡོན་6 རྣམ་གྲངས་དེའི་ནང་ཞུགས་བཅུག་པ་ལས་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3200 བྱུང་བ་དང་2009 ལོའི་ལོ་མཇུག་ཏུ་དགེ་ལྡིངས་གྲོང་ཚོའི་གྲོང་མི་མི་རེའི་ཡོང་འབབ་སྒོར་6514 ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་4683 ཡོད་པ་རེད།

        “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པ ”དང་། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི་དང་སྨྲ་བ་གཉིས ”“ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་སོགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།