དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བུད་མེད་ལས་བྱེད་པའི་མིག་དཔེ་བཟང་པོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2009ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོའི་ཞའོ་ཅ་ཡིའུ་ལ “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར ”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། གཟི་བརྗིད་མཚན་སྙན་དེ་ཐོབ་པའི་སྐོར་གླེང་སྐབས་ཞའོ་ཅ་ཡིའུ་ཡིས “ངས་བྱེད་འོས་པའི་བྱ་བ་ཙམ་ཞིག་བྱས་མོད། རྒྱལ་ཁབ་ཀྱིས་གཟི་བརྗིད་མཚན་སྙན་ཆེན་པོ་དེ་ལྟ་བུ་གནང་བྱུང་། སླད་ཕྱིན་ངས་མི་རིགས་མཐུན་སྒྲིལ་གྱི་ལས་ཀ་དེ་བས་ཡག་པ་བྱ་རྒྱུ་ཡིན ”ཞེས་ཁེངས་སྐྱུང་ངང་བཤད།

        མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཞའོ་ཅ་ཡིའུ་ལ་ས་ཆ་དེ་གའི་མང་ཚོགས་ཀྱིས “བུད་མེད་ལས་བྱེད་པའི་མིག་དཔེ་བཟང་པོ ”ཞེས་བྱམས་བརྩེའི་ངང་འབོད་ཀྱི་ཡོད། ཁོང་གིས་ས་ཆ་དེ་གའི་མང་ཚོགས་སྣེ་ཁྲིད་དེ་བསམ་བློའི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་འགྲེལ་བཤད་རྒྱག་པ། མང་ཚོགས་སྣེ་ཁྲིད་དེ “སྒུག་རྟེན་སློང ”གསུམ་གྱི་བསམ་བློ་ལས་གྲོལ་བ་བྱེད་པ་བཅས་བྱས་པས་མི་སེར་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ནས་གོམ་པ་རེ་རེ་བཞིན་འབྱོར་ཕྱུག་ལམ་བུའི་ཐོག་བསྐྱོད་ཡོད།

        མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོ་དེ་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་སུ་གནས་པ་དང་དེ་ནི་ལྷོ་པ་རིགས་འདུས་སྡོད་བྱེད་པའི་མཐའ་མཚམས་རི་གྲོང་ཞིག་རེད། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཞའོ་ཅ་ཡིའུ་ཡིས་ལོ་མང་རིང་སྔ་ཕྱི་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ངང་ཏཱ་ལའི་ཁ་ཕྲལ་རུ་ཚོགས་དང་འཐབ་རྩོད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་པ་རེད།

        ཞའོ་ཅ་ཡིའུ་མཐོང་སྐབས་ཁོང་གྲོང་མིའི་ཁྱིམ་ནས་ལོག་མ་ཐག་ཡིན་པ་དང་ཁོང་གིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་དེ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་བྲེལ་བཞིན་ཡོད། ཁོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་དཔུང་སྡེ་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་མཐའ་མཚམས་དོ་དམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པ་མ་ཟད། ཏང་ཡོན་དང་མང་ཚོགས་ཀྱི་འདོད་འདུན་དང་བསམ་འཆར་ཉན་ནས་མང་ཚོགས་ཀྱི་ཆེས་དངོས་ཡོད་དང་ཆེས་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ཞུས་ཏེ་ས་ཆ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མཐའ་སྲུང་སྲ་བརྟན་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

        ཡུན་རིང་ནང་ཞའོ་ཅ་ཡིའུ་ཡིས་གྲོང་ཚོ་དེ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་དམ་པོར་བརྟེན་ནས་དམག་ཉེན་དམངས་གསུམ་གྱི་མཉམ་སྲུང་ལས་དོན་དང་དམག་བཀུར་ཁྱིམ་སྐྱོང་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་མཐའ་མཚམས་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

        མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་དེ་བས་མང་བ་འཚོལ་རོགས་བྱ་ཆེད་ཞའོ་ཅ་ཡིའུ་ཡིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་ཚུན་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཞིང་འབྲོག་པའི་ཕྱུག་འགྱུར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་ཐེངས་མང་གཉེར་ནས་མང་ཚོགས་ཀྱི་རང་འཕེལ་ནུས་པ་ཆེ་རུ་བཏང་ཡོད། དཔལ་འབྱོར་ནགས་ཤིང་འདེབས་འཛུགས་བྱས་ཚེ་ཕན་འབྲས་ཡག་པོ་ཐོབ་ཀྱི་ཡོད་པ་ཤེས་རྗེས་ཞའོ་ཅ་ཡིའུ་ཡིས་གྲོང་ཚོ་དེ་ཡོངས་ཀྱི་བུད་མེད་90ལྷག་ཙམ་གྱི་སྣེ་ཁྲིད་དེ་རྒྱ་ཁྱོན་མུའུ་30ལྷག་ཙམ་ལོན་པའི “བུད་མེད་ཀྱི་དཔལ་འབྱོར་ནགས་ཤིང་འདེམས་འཛུགས་རྟེན་གཞི ”བསྐྲུན་པས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མི་སེར་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཆེན་པོ་ཐུབ་ཡོད། དེ་རྗེས་ཞའོ་ཅ་ཡིའུ་ཡིས་སན་ལུང་གཞུང་ལམ་གྲོང་ཚོ་དེར་བརྒྱུད་པའི་ཕན་ཡོད་ཆ་རྐྱེན་སླར་ཡང་དམ་འཛིན་བྱས་ཏེ་གྲོང་མི་སྒྲིག་འཛུགས་ཀྱིས་ངལ་ནུས་ཕྱིར་གཏོང་བྱས་ནས་གྲོང་མིར་དངུལ་སྨར་ཡོང་འབབ་སྒོར་ཁྲི་30བཏོད་པ་རེད།

        གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་མི་འདང་བ་དང་། ཐོན་སྐྱེད་རྒྱུ་ཆ་དཀོན་པ། དབང་པོ་སྐྱོན་ཅན་ཡིན་པར་བརྟེན་དབུལ་པོ་ཆགས་པ་བཅས་ཀྱི་ཡུལ་མིར་ཞའོ་ཅ་ཡིའུ་ཡིས་ལོ་ལྟར་རང་ཉིད་ཀྱིས་འབྲས་དང་། གྲོ་ཞིབ། མར། ཇ་བག་ཆུང་སོགས་འཚོ་བའི་དགོས་མཁོ་ཉོས་ནས་ཁོང་ཚོར་རོགས་རམ་བྱེད་ཀྱི་ཡོད། ལོ་དེ་དག་རིང་འབད་བརྩོན་བྱས་པ་བརྒྱུད་ཞའོ་ཅ་ཡིའུ་ཡི་སྣེ་ཁྲིད་འོག་མདོ་ཡུལ་གྲོང་ཚོའི་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ། ཏང་སྲིད་དམག་ཉེན་དམངས་བཅས་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་སོང་ཡོད།

        “མང་ཚོགས་ཀྱི་བྱ་བ་ནི་ངའི་བྱ་བ་ཡིན ”ཁོང་གིས “ཏང་ཡོན་ལས་བྱེད་པ་ཞིག་ཡིན་པས་མང་ཚོགས་ཀྱི་བྱ་བ་དེ་དུས་དང་རྣམ་པ་ཀུན་ཏུ་གནས་བབ་དང་པོར་འཇོག་དགོས་པ་དང་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་ངའི་འགན་འཁྲི་དང་འོས་འགན་ཞིག་ཡིན ”ཞེས་བཤད།

        གྲོང་མི་པད་མའི་བཟའ་ཟླ་སྔ་ས་ནས་གྲོངས་པའི་ཁར་ཕྲུ་གུ་ཆུང་བས་ཁྱིམ་ནང་ངལ་རྩོལ་ནུས་ཤུགས་མི་འདང་སྟབས་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད། ཁོང་མགྱོགས་ཙམ་དབུལ་སྒྲོལ་བྱེད་རོགས་བྱ་ཆེད་ཞའོ་ཅ་ཡིའུ་ཡིས་རང་འགུལ་ངང་ཁོང་བཙལ་ནས་སྨྱུག་མ་སླ་སྟངས་དམར་ཁྲིད་བྱས་པ་རེད། ཞའོ་ཅ་ཡིའུ་ཡིས་ད་དུང་གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་པད་མར་སྨྱུག་མ་གཅོད་རོགས་དང་སྨྱུག་ཆས་ཕྱིར་ཚོང་བྱེད་རོགས་བྱས་པས་པད་མའི་ཁྱིམ་གྱི་འཚོ་བ་ལེགས་སུ་ཕྱིན་པ་རེད།

        “འགོ་ཁྲིད་ལས་བྱེད་པ་ཡག་པོ་ཞིག་གིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་གི་ཡོད་པ་དེ་ནི་གཞི་ནས་མང་ཚོགས་ཀྱི་མགོན་སྐྱབས་ཤིག་ཡིན ”ཞའོ་ཅ་ཡིའུ་ཡིས་འདུ་ཤེས་དེར་བརྟེན་ནས་སྔ་ཕྱི་བར་གསུམ་དུ་རང་ཉིད་ལ་སྐུལ་མ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།