བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གིས “ལྔ་དམ་འཛིན་དང་ལྔ་འཐུས་ཚང་དུ་གཏོང་བའི ”བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་འགལ་ཟླ་གྲལ་བཤེར་དང་། བར་འདུམ། ཐག་གཅོད་བཅས་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྤེལ་བ་དང “གཙོ་གནད་གནད་དོན་ཐག་གཅོད་བྱེད་པ་དང་། ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ། རང་སོ་སོའི་སྐྱོན་ཆ་སེལ་བ། གསལ་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་པ། སྐྱོན་ཆ་ཡོ་བསྲང་བྱེད་པ ”བཅས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད། 2009ལོར་རྫོང་དེར་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས “ཞི་བདེའི་རྫོང ”གི་མཚན་སྙན་སྤྲད་པ་རེད།
འགོ་ཁྲིད་ལ་དམ་འཛིན་དང་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ཞིང་། སྣ་དཀར་རྩེ་རྫོང་གིས་འགལ་ཟླ་དང་རྩོད་གཞི་བར་འདུམ་ཐག་གཅོད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཧུར་ཐག་བྱས་ཏེ་བར་འདུམ་ཐག་གཅོད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ངོ་མས་གཞི་རིམ་དུ་འགལ་ཟླ་དང་རྩོད་གཞི་སེལ་བར་བསྐྱོད་ཅིང་། འདི་ལོའི་ཚུན་དུ་རྫོང་དེས་སྲིད་ཁྲིམས (ཕྱོགས་བསྡུས་བཅོས་སྐྱོང )དང་། སྤྱི་བདེ། ཞིབ་དཔྱོད། ཁྲིམས་ཁང་། དམངས་སྲིད། འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་ཐེངས་9བྱས་ཏེ་རྫོང་དེ་ཡོངས་ཀྱི་ཤང་གྲོང་10ལ་གཙོ་གནད་དུ་གྲལ་བཤེར་བྱས་པས “རིམ་པ་ཁག་ལ་དོ་དམ་བྱེད་མཁན་ཡོད་པ་དང་བྱ་བ་ཁག་དོ་དམ་བྱེད་མཁན་ཡོད་པའི ”ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད།
རྩ་འཛུགས་ལ་དམ་འཛིན་དང་མི་དམངས་བར་འདུམ་དྲ་བའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ཞིང་། སྣ་དཀར་རྩེ་རྫོང་གིས་མི་དམངས་བར་འདུམ་ལས་དོན་དེ་རྫོང་དེ་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་དང་དུས་བདེ་མཐུན་སྦྱོར་གྱི་སྤྱི་ཚོགས་བསྐྲུན་པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ་དང་བྱེད་སྒོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད་ཤང་གྲོང་ཁག་དང་ཚན་པ་ཁག་གིས་དེ་མཚུངས་ཀྱི་རྩ་འཛུགས་སྒྲིག་གཞི་བཙུགས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གཅིག་གྱུར་ཐོག་བདག་སྤྲོད་དང་། ཁག་བགོས། བར་འདུམ་སོགས་བྱེད་པའི་བར་འདུམ་ཐག་གཅོད་ལམ་སྲོལ་ཞིག་ཆགས་པ་བྱས་ཡོད།
ཚད་ལྡན་གཏོང་རྒྱུར་དམ་འཛིན་དང་མི་དམངས་བར་འདུམ་ལས་དོན་ལམ་ལུགས་འཛུགས་རྒྱུ་འཐུས་སྒོ་ཚང་དུ་བཏང་ཞིང་། སྣ་དཀར་རྩེ་རྫོང་གིས་ཚད་གཞི་མཐོ་པོ་དང་སྒོ་འཛུགས་ས་མཐོ་པོ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རྫོང་རིམ་པའི་ལས་བྱེད་པས་ཤང་འགན་གཙང་ལེན་པ་དང་། ཤང་གི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ་བཅས་ཀྱི་མ་དཔེ་གཞིར་བཟུང་སྔོན་འགོག་ཚོད་འཛིན་དྲ་བ་བཙུགས་པ་དང་སྦྲགས་འགན་འཁྲི་རྩད་གཅོད་ལམ་ལུགས་ཀྱང་བཙུགས་ཡོད། ཡིག་བཀུར་ངོ་བཅར་ལས་དོན་དང་མི་དམངས་བར་འདུམ་ལས་དོན་དེ་ལོ་མཇུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཞིབ་དཔྱད་དང་ལས་བྱེད་པའི་སྲིད་འཛིན་བྱས་རྗེས་ལ་ཞིབ་དཔྱད་བྱེད་པའི་ནང་འཇུག་རྒྱུ་ཡིན་པ་རེད།
མཐུན་འགྲིག་བྱ་རྒྱུར་དམ་འཛིན་དང “བར་འདུམ་ཆེ་མོའི ”ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། དུས་རབས་གསར་པའི་འོག་གི་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་དང་། ཁྱུ་ཚོགས་ཅན། ཪྙོག་འཛིང་ཅན་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་རྫོང་དེས “གོང་འོག་གཉིས་ཀྱིས་མཉམ་འགུལ་བྱེད་པ་དང་། ཕྱོགས་མང་གིས་གཞོགས་འདེགས་བྱེད་པ། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ ”བཅས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་སྣེ་ཁྲིད་པ་དང་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཐུན་མོང་ཐོག་ཞུགས་པ་དང་ཕན་ཚུན་གཞོགས་འདེགས་བྱེད་པའི “བར་འདུམ་ཆེ་མོའི ”ལས་དོན་སྒྲུབ་སྟངས་ཤིག་ཆགས་པ་བྱས་ཡོད།
ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་དམ་འཛིན་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་བར་འདུམ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་ཤང་གྲོང་ཁག་གི་འགལ་ཟླ་དང་རྩོད་གཞི་གོང་ཞུ་བྱ་ཚུལ་ལ་དམིགས་ཏེ 《ལྟ་སྐུལ་ཞིབ་བཤེར་གཞུང་ལས་ཁང་གི་བརྡ་ཐོ 》དུས་ཐོག་ཏུ་བཏང་སྟེ་འབྲེལ་ཡོད་སྡེ་ཚན་དང་ཤང་གྲོང་ཁག་ལ་གྲལ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་བར་འདུམ་བྱས་པའི་ཁར་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་བྱེད་ཐུབ་པ་བྱས་ནས་གྱོད་དོན་ཐག་གཅོད་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་བྱས་ཡོད་པ་བཅས་རེད།