བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཤར་ཚུན་སྟོད་ལུང་བདེ་ཆེན་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་། ནང་དོན་གསོན་ཉམས་དོད་པ། རྣམ་པ་སྣ་ཚོགས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་བྱ་གཞག་ཐད་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་བཏང་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་དུས་རིམ་དབྱེ་ནས་སྒྲོག་འགྲེལ་བྱས་པ་དང་སློབ་གསོ་བཏང་ཞིང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཤང་དང་གྲོང་རྡལ་འགན་གཙང་ལེན་པའམ་ཡང་ན་གྲོང་ཚོ་འགན་གཙང་ལེན་ཏེ་འབྲེལ་གཏུགས་ས་ཚིགས་འཛུགས་པའི་རྣམ་པའི་ཐོག་ནས་ལས་ཁུངས་དང་། ཤང་གྲོང་། ཁེ་ལས་བཅས་སུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བར་དམིགས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་བར་བསྐྱོད་དེ་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཏང་ཡོན་སྐུལ་སློང་གིས་ཏང་གི་མི་རིགས་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་ཡོན་གྱི་ཁྲོད་དུ་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཐབས་བྱས་ཡོད་པ་རེད། གནས་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་ཀྱིས་རྒྱ་ཁྱབ་ཏུ་མང་ཚོགས་སྐུལ་སློང་བྱས་ཤིང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་རུ་སྣེ་ཁྲིད་མཁན་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་ཁོངས་མི་གཙོ་བོ་བྱས་པའི་སྒྲོག་འགྲེལ་ཚོགས་ཆུང་7བཙུགས་པ་དེ་དག་གིས་ཤང་ལྔ་དང་གྲོང་རྡལ་གཉིས་ཀྱི་སྲིད་འཛིན་གྲོང་ཚོ་34རུ་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ཡིག་རིགས་པར་འགྲེམས་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་སྙན་ཞུའི་ཚོགས་འདུ་སྐོང་ཚོགས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་བསྐྱོད་དེ་ལས་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་སྒྲིག་འཛུགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ཡོད། རྫོང་དེ་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་རིང་མི་རིགས་མཐུན་སྒྲིལ་གྱི་སྙན་ཞུའི་ཚོགས་འདུ་ཐེངས་17འཚོགས་པར་ལས་བྱེད་པ་དང་། མང་ཚོགས། གྲྭ་བཙུན། གཞོན་ནུ་ལོ་ཆུང་བཅས་ཁྱོན་མི་ཐེངས་ཁྲི་2.8ལ་སློབ་གསོ་ཐེབས་ཡོད་པ་རེད། ཏང་ཡོན་དང་དེ་བཞིན་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བྱེད་ཤུགས་དང་། འབོད་སྐུལ་བྱེད་ཤུགས། གོང་བུ་འགྲིལ་ཤུགས་བཅས་ཇེ་ཆེར་ཕྱིན་པ་དང་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གང་ལེགས་མངོན་པ་མ་ཟད། ད་དུང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་ཞིག་འཛུགས་ཐུབ་པ་བྱུང་བ་དང་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ཡང་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད་པ་རེད།