གཞིས་རྩེ་གྲོང་ཁྱེར་པད་གཞུང་ཤང་གྲོང་གསེབ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་སྒོ་འགྲམ་དུ་རྒྱལ་རྒན་གྲོང་ཚོའི་གྲོང་མི་ནོར་བུས་དངངས་འཚབ་ཆེན་པོས “སྟབས་མི་ལེགས་པ་ཞིག་ལ་ཞིང་བྲེལ་གྱི་དུས་སུ་འདྲུད་འཐེན་འཕྲུལ་འཁོར་སྐྱོན་ཤོར་སོང ”ཞེས་བརྗོད་ཀྱི་འདུག འོན་ཀྱང་ཞབས་ཞུའི་ས་ཚིགས་ཀྱི་ཉམས་བཟོ་བའི་འབད་བརྩོན་འོག་ཁོང་གི་འདྲུད་འཐེན་འཕྲུལ་འཁོར་རྒྱུན་གཏན་བཞིན་གློག་སློང་ཐུབ་པ་བྱུང་བས་ནོར་བུའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།
དེ་ནི་ཉིན་ཤས་གོང་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་པད་གཞུང་ཤང་དུ་བཅར་འདྲི་བྱེད་སྐབས་མཐོང་བའི་གནས་ཚུལ་ཞིག་ཡིན། པད་གཞུང་ཤང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཤར་རྒྱུད་དང་ཡར་ཀླུང་གཙང་པོའི་ལྷོ་འགྲམ་དུ་གནས་པ་དང་ཤང་ཡོངས་སུ་སྲིད་འཛིན་གྲོང་ཚོ་11ཡོད་པར་ཁྱོན་དུད་ཚང་653དང་མི་4425ཡོད་པ་དང་རྫབ་རླངས་སྤྱོད་མཁན་དུད་ཚང་414དང་ཞིང་འཕྲུལ་ཡོད་པའི་དུད་ཚང་585ཡོད་ཁར་མི་ཕྱུགས་ཀྱི་འཐུང་ཆུ་གཅིག་སྡུད་མཁོ་སྤྲོད་བྱེད་ས་15ཡོད་ཅིང་། ན་ནིང་ཟླ་བ་9པར་གཞིས་རྩེ་གྲོང་ཁྱེར་གྱིས་པད་གཞུང་ཤང་དེ་ཚོད་ལྟའི་ཤང་དུ་བརྩིས་ནས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཙུགས་ཏེ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད་པ་རེད།
ཞབས་ཞུའི་ས་ཚིགས་བཙུགས་ནས་ཟླ་བ་ཁ་ཤས་གོང་མི་སྣ་དཀོན་པ་དང་ལས་ཀའི་ཉམས་མྱོང་མེད་པ་སོགས་ཀྱི་ཤུགས་རྐྱེན་དང་ཚོད་འཛིན་ཕོག་ནས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་དེ་ཙམ་འདོན་སྤེལ་ཡག་པོ་བྱེད་ཐུབ་མེད། འདི་ལོ་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་། སྣ་མང་འཕེལ་རྒྱས་གཏོང་བ། ཞབས་ཞུའི་ཕན་འབྲས་ལེགས་པ། འཛུགས་པ་དང་དོ་དམ་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་པ་བཅས་དང “དམངས་ཀྱིས་གཉེར་སྐྱོང་དང་། དམངས་ཀྱིས་དོ་དམ། དམངས་ལ་ཕན་པ་ཐོབ་པ ”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་པད་གཞུང་ཤང་གི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།
མིག་སྔར་གཞིས་རྩེ་གྲོང་ཁྱེར་པད་གཞུང་ཤང་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དེ་ཚད་ལྡན་ཅན་གྱི་གཉེར་སྐྱོང་གི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པ་དང་ཞབས་ཞུའི་ཁྱབ་ཁོངས་དེ་ཡང་ཐོག་མའི་རྫབ་རླངས་དང་ཞིང་འཕྲུལ་ཡོ་ཆས་ཉམས་བཟོ་བྱེད་པ་ནས་ད་ཆའི་མི་ཕྱུགས་ཀྱི་འཐུང་ཆུ་དང་རླུང་འཕྲིན་བཪྙན་འཕྲིན་སོགས་ཀྱི་ཁྱབ་ཁོངས་བར་རྒྱ་ཆེར་ཕྱིན་ནས་པད་གཞུང་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་རོགས་པ་བཟང་པོར་འགྱུར་ཡོད་པ་རེད། མིག་སྔའི་བར་ཞབས་ཞུའི་ས་ཚིགས་དེས་ཞིང་དུད་ལ་ཞབས་ཞུ་སྣ་ཚོགས་ཐེངས་126དང་འཕྲུལ་འཁོར་ཉམས་བཟོ་ཐེངས་78བྱས་པས་མང་ཚོགས་རྒྱུན་གཏན་བཞིན་ཐོན་སྐྱེད་བྱེད་པ་དང་འཚོ་བ་སྐྱེལ་རྒྱུ་འགན་ལེན་བྱུང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་བྱུང་ཡོད་པ་རེད།