དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ནུབ་ཁའི་ཉི་མ་ལྷག་པར་འཚེར།

  •     སྤེལ་དུས།  2015-05-09

        ལོ་66ཟིན་པའི་དོན་གྲུབ་ཚེ་རིང་ནི་ད་ཆ་སྔར་བཞིན་དབུལ་སྐྱོར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་དེ་ལས་རང་དོན་རྒྱབ་སྐྱུར་གྱི་སྙིང་སྟོབས་མཚོན་ཡོད་པ་རེད།

        “རང་ཉིད་ནི་ཏང་གི་སོ་ཕག་ལྟ་བུ་ཞིག་ཡིན་པས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་བེད་སྤྱོད་རྒྱུ་ཡིན ”

        དེང་དུས་གོང་གསལ་གྱི་སྐད་ཆ་དེ་ཐོས་རྒྱུ་མེད་རུང་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་འཚར་ལོངས་བྱུང་བའི་དོན་གྲུབ་ཚེ་རིང་གི་ངོས་ནས་བརྗོད་ན་དེ་ནི་དམིགས་ཡུལ་ཞིག་དང་ཁས་ལེན་ཞིག་རེད། ཁོང་གིས་དེ་ལྟར་བཤད་པ་མ་ཟད་དེ་ལྟར་ཡང་བྱེད་ཀྱི་ཡོད། རྩ་འཛུགས་ཀྱིས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་དུ་དབུལ་སྐྱོར་བྱེད་པར་བསྐྱོད་རྒྱུའི་ལས་འགན་དོན་གྲུབ་ཚེ་རིང་ལ་སླར་ཡང་རྩིས་སྤྲོད་གནང་སྐབས་གཞི་རིམ་དུ་ལས་ཀ་ལོ་30ལྷག་ཙམ་བྱས་པའི་ཁོང་གིས་དགའ་སྤྲོའི་ངང་དང་ལེན་ཞུས་པ་དང་འབྲེལ་རྩ་འཛུགས་ལ་དབུལ་སྐྱོར་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས་རྩ་འཛུགས་དང་ས་གནས་དེ་གའི་མི་སེར་རྣམས་བློ་ཡིད་ཚིམ་པ་ཡོང་རྒྱུའི་འགན་ལེན་ཡང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་སྟོང་གྲོང་ཚོ་བརྒྱར “རོགས་རམ་གཉིས ”བྱེད་པར་བསྐྱོད་རྒྱུའི་ལས་དོན་ཁྲོད་ཁོང་གིས་ལས་འགན་ཁག་ཕུལ་བྱུང་ངང་ལེགས་སྒྲུབ་བྱས་པར་བརྟེན་མི་ལ་ལས་ཁོང་ལ “དེ་ལྟར་བྱེད་པའི་དམིགས་ཡུལ་གང་ཡིན་ནམ ”ཞེས་འདྲི་སྐབས་ཁོང་གིས “རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་མི་སེར་ལ་བྱ་བ་མང་ཙམ་སྒྲུབ་ཐུབ་ན་ང་དངོས་གནས་དགའ་པོ་འདུག ”ཅེས་ལན་བཏབ་པ་རེད།

        “རང་ཉིད་ནི་ཏང་གི་ལས་བྱེད་པ་དང་མི་དམངས་ཀྱི་གཞུང་ཞབས་པ་ཞིག་ཡིན་པས་ངས་དངུལ་སྐར་ཆ་ཡང་དོ་དམ་ཡག་པོ་བྱེད་པ་དང་བེད་སྤྱོད་ཡག་པོ་གཏོང་རྒྱུ་ཡིན ”

        དོན་གྲུབ་ཚེ་རིང་གིས་དབུལ་སྐྱོར་བྱེད་སྐབས་ཇི་ལྟར་བྱས་ནས་ཚད་ཡོད་ཀྱི་མ་དངུལ་དེ་དག་བེད་སྤྱོད་ཡག་པོ་བཏང་ནས་རྩ་འཛུགས་དང་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུའི་ཐད་བསམ་གཞིགས་ཡང་ཡང་བྱེད་ཀྱི་ཡོད་པ་དང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གིས་དབུལ་སྐྱོར་མ་དངུལ་དོ་དམ་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་རྩིས་ཐོ་ལོགས་དབྱེ་དང་། འགྲོ་གྲོན་གསལ་པོ། མཉམ་སྡེབ་ཀྱིས་ཞིབ་དཔྱད་བཅས་ཀྱི་མ་དངུལ་དོ་དམ་ལམ་ལུགས་བཟོས་ནས་མ་དངུལ་ལུགས་མཐུན་ངང་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། ཁོང་གིས་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྱི་སྡེ་ཁུལ་གསུམ་གྱི་དབུལ་སྐྱོར་ལས་འགན་ལྕི་ཙམ་ཡོད་པ་ཤེས་སྐབས་ལས་དོན་ཚོགས་ཆུང་གི་བློ་མཐུན་ཚོ་དང་ཞིབ་འཇུག་བྱས་ནས་སྐྱ་འབེལ་ཤང་བསམ་གྲུབ་ཡར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྱོང་ལ་གནད་ཆེའི་རོགས་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན་ཞིང་། ལོ་བདུན་གྱི་དུས་ཚོད་ནང་ཁོང་ཚོས་མ་དངུལ་སྒོར་ཁྲི་1400བརྩོན་ལེན་བྱས་ནས་དབུལ་སྐྱོར་རྣམ་གྲངས་17ལེགས་གྲུབ་བྱུང་བར་ཕན་འབྲས་དངོས་ཐོན་པ་རེད།

        “རང་ཉིད་ནི་གྲོན་ཆུང་བྱས་ནས་གསར་བརྗེ་བྱེད་པའི་དུས་རབས་སུ་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན་ཧུར་བསྲི་གྲོན་ཆུང་བྱ་རྒྱུ་ནི་ང་ཚོའི་མི་རབས་དེའི་ངོ་བོ་རེད ”

        དོན་གྲུབ་ཚེ་རིང་ལས་ཀ་བྱེད་རིང་གཟབ་ནན་ཡོད་ལ་གྲོན་ཆུང་བྱ་རྒྱུར་དོ་སྣང་ཡང་བྱེད་ཀྱི་ཡོད་ཅིང་། ཁོང་གིས་གཞུང་དོན་སྒྲུབ་ཆས་ཉོ་སྐབས་ཚོང་ཁང་ཁ་ཤས་སུ་བསྐྱོད་དེ་རིན་གོང་འཚམ་པོ་ཡོད་ཚེ་གཞི་ནས་ཉོ་ཡི་ཡོད་པས་བློ་མཐུན་ལ་ལས་ཁོང “བབ་བསྟུན ”བྱེད་མི་ཤེས་པར་དུས་རབས་ཀྱི་རྗེས་སུ་འབྲང་མི་ཐུབ་པའི་ངོས་འཛིན་བྱས་ཀྱང་ཁོང་གིས་ད་དུང་དེ་ལྟར་བྱེད་ཀྱི་ཡོད་པ་རེད།

        གྲངས་འབོར་ཁྲི་སྟོང་ལས་བརྒལ་བའི་མ་དངུལ་གྱི་ཟིན་ཐོ་གསལ་པོ་ཡོད་པ་དེའང་དོན་གྲུབ་ཚེ་རིང་གི་ལས་ཀར་ཁས་ལེན་ཡག་ཤོས་བྱེད་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།