2008ལོའི་ཟླ་10ཚེས་6ཉིན་འདམ་གཞུང་རྫོང་ལ་་ས་ཡོམ་རིམ་པ་6.6བརྒྱབ་པ་དང་ཡོམ་ལྟེ་འཁེལ་སའི་རྒྱལ་དར་ཤང་ཡངས་ཡིད་གྲོང་ཚོའི་ཁང་པ་རྣམས་སྐད་ཅིག་ཉིད་དུ་ལོག་ཅིང་། གནོད་འཚེའི་མདུན་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་ལྷས་རང་དཔེ་གཞན་སྟོན་གྱིས་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་སེམས་སྡུག་བཟོད་བསྲན་བྱས་ཏེ་ཏང་ཡོན་སྒྲིག་འཛུགས་ཀྱིས་དུས་ཐོག་ཏུ་ཞིག་རོའི་འོག་ཏུ་ཚུད་པའི་མང་ཚོགས་མྱུར་སྐྱོབ་བྱས་པ་དང་འབྲེལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསྐྱར་སྐྲུན་གྱི་ལས་ཀ་ཧུར་ཐག་སྤེལ་བ་བཅས་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་གཟུགས་བཪྙན་བཟང་པོ་བཏོད་ཡོད།
ཡོམ་འགོག་གེགས་སེལ་གྱི་སྣེ་ཁྲིད་པ།
ཟླ་10ཚེས་6 ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཡི་ཐོག་དགྲ་ལྷ་དང་གྲོང་མི་50ལྷག་ཙམ་གྱིས་གྲོང་ཚོའི་ཉེ་འགྲམ་གྱི་རྩྭ་རའི་ཐོག་རྩྭ་བརྔ་བཞིན་ཡོད་པ་དང་། གློ་བུར་དུ་འུར་སྒྲ་ཧ་ཅང་ཆེན་པོ་ཞིག་གྲགས་པ་དང་འབྲེལ་ས་དང་རི་གཡོ་བར་གྱུར།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ཁོང་གིས་ས་ཡོམ་ཆེན་པོ་བརྒྱབ་མ་ཐག་གུང་ཁྲན་ཏང་ཡོན་13དང་མང་ཚོགས་བཅུ་ཕྲག་ཁ་ཤས་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ནས་མགྱོགས་མྱུར་ཁང་པ་ལོག་ཁུལ་དུ་བསྐྱོད་དེ་ཚང་མ་དངངས་སྐྲག་མ་བྱེད་ཅེས་སྐད་ཤུགས་ཆེན་པོས་འབོད་བཞིན་དུ་ཚང་མ་དང་མཉམ་དུ་ལག་པས་རྡོ་དང་ལྕམ་སོགས་ཚུར་བླངས་ཏེ་ཁང་པ་ལོག་པའི་འོག་ཏུ་ཚུད་པའི་གྲོང་མི་སྐྱབས་ནས་ཁང་རོལ་འོག་ཏུ་ཚུད་པའི་གྲོང་མི་23མགྱོགས་ནས་མྱུར་དུ་སྐྱོབ་ཐུབ་པ་བྱུང་ཡོད། ཞིག་རོའི་འོག་ནས་སྐྱབས་མ་ཐག་པའི་རྨས་སྐྱོན་ཕོག་པའི་མང་ཚོགས་རྣམས་ལ་ལྟ་བཞིན་དུ་དགྲ་ལྷས་གནོད་འཚེ་ཕོག་པའི་གནས་ཚུལ་མགྱོགས་མྱུར་སྙན་སེང་ཞུ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་བསམ་བློ་འཁོར། འོན་ཀྱང་ཁ་པར་གྱི་ནུས་པ་ཤོར་བའི་དབང་གིས་ཁ་པར་ཐེངས་མང་བརྒྱབ་ཀྱང་ཕན་པ་མ་བྱུང་། དགྲ་ལྷས་དེ་མ་ཉིད་དུ་བློ་ཐག་ཆོད་པོས་གཟུགས་པོ་ཡག་ལ་སྐད་ཆ་ཤོད་མཁས་པའི་གྲོང་མི་རབ་རྒྱས་བདམས་ཏེ་ཁོང་གིས་སྦག་སྦག་འཁོར་ལོ་བཞོན་ནས་སྤྱི་ལེ་30ལྷག་ཙམ་གྱི་སར་ཡོད་པའི་རྒྱས་དར་ཤང་ལ་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་བར་བཏང་ནས་ཡོམ་འགོག་གེགས་སེལ་གྱི་ལས་ཀར་དུས་ཚོད་བརྩོན་ལེན་བྱས།
དགྲ་ལྷས་ནུས་ཤུགས་གང་ཡོད་ཀྱིས་དཀའ་ངལ་གྱི་གནས་སུ་གྱར་བའི་མང་ཚོགས་སྐྱོབ་བཞིན་པའི་སྐབས་ལོ་ན་མཐོ་བའི་ཨ་མ་དང་ལོ་ན་ཕྲ་བའི་ཚ་མོ་གཉིས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་གཏམ་ངན་ཐོས་ཏེ་སྙིང་ལ་གྲི་བསྣུན་པ་ལྟར་གྱི་སྡུག་བསྔལ་ཚད་མེད་བྱུང་བའི་ཁོང་གིས་བཟོད་བསྲན་ངང་གཉེན་ཉེ་དང་གྲོགས་པོ་ཚོར་སྟབས་བདེའི་མངགས་བཅོལ་བྱས་རྗེས་ཕྲལ་མ་ཉིད་དུ་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་སྐོང་བསྡུ་བྱས་ཏེ་ས་ཡོམ་བརྒྱབ་རྗེས་ཀྱི་རང་སྐྱོབ་ལས་དོན་སྤེལ།
མི་དམངས་མང་ཚོགས་ཀྱི་གཉེན་ཉེ་བ།
ས་ཡོམ་བརྒྱབ་པའི་མཚན་མོ་དེར་གྲང་ངར་ཆེ་བའི་རླུང་བུ་བརྒྱབ་པས་དགྲ་ལྷས་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་གྱི་སྣེ་ཁྲིད་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱས་ཏེ་གྲོང་ཚོ་དེ་ཡོངས་སུ་འཁྱགས་ལྟོགས་ཀྱིས་མནར་བའི་མི་གཅིག་ཀྱང་མི་ཐོན་པ་བྱས་ཡོད། ས་ཡོམ་ཐོན་པའི་ཉིན་བཞི་པར་གཉེན་ཉེ་དང་གྲོགས་པོ་ཚོས་དགྲ་ལྷའི་ཨ་མ་དང་ཚ་མོའི་རྗེས་འཇུག་གི་ལས་རྣམས་བསྒྲུབས་ཤིང་། གྲོང་ཚོའི་ནང་ལས་བྲེལ་ཆེ་བའི་དབང་གིས་དགྲ་ལྷར་རྐྱེན་ལམ་དུ་ཤོར་བའི་གཉེན་ཉེར་ལྟ་ཙམ་བྱེད་པའི་དུས་ཚོད་མེད་ལ་གཉེན་ཉེ་དང་མཐའ་མའི་ཞལ་གྱེས་ཞུ་བའི་དུས་ཚོད་ཀྱང་མེད་པར་ཁོང་གིས་བློ་ཐག་ཆོད་པོས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་ཡོད། ཁོང་གིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་འཕྲད་སྐབས་སྡུག་བསྔལ་གྱིས་མནར་བའི་གྲོང་མིར་སེམས་གསོ་བྱེད་བཞིན་དུ་ཚང་མ་སྒྲིག་འཛུགས་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མང་ཚོགས་ཀྱི་རྗེས་འཇུག་མང་ཚོགས་རྣམས་བློ་ཡོད་ཚིམ་པ་ཞིག་བྱས་ལ་རྩ་འཛུགས་དང་གེགས་སྐྱོབ་སྡེ་ཚན་ལ་སུན་པོ་མི་ཡོང་གང་ཐུབ་བྱས་ཡོད།
མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།
ད་རེས་འདམ་གཞུང་གི་ས་ཡོམ་ནང་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་754ཁྲོད་ནས་མི་9རྐྱེན་ལམ་དུ་ཤོར་བ་དེའི་ཁྲོད་དགྲ་ལྷའི་ཨ་མ་དང་ཚ་མོ་ཚུད་ཡོད། གཞན་ཡང་མི་20ཙམ་ལ་རྨས་སྐྱོན་ཕོག་པའི་ཁར་90%ཡན་གྱི་སྡོད་ཁང་ལོག་པ་དང་དེ་བྱིངས་ཀྱི་ཁང་པ་རྣམས་སྤྱིར་ན་ཉེན་ཡོད་ཁང་པར་གྱུར་པར་བརྟེན་གནོད་འཚེ་ཕོག་རྗེས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་བསྐྱར་སྐྲུན་བྱེད་པར་རོགས་རམ་བྱེད་ཆེད་དགྲ་ལྷས་རང་ཁྱིམ་རྒྱབ་བསྐྱུར་གྱིས་ཉིན་ལྟར་ཞོགས་པ་ཆུ་ཚོད་ལྔ་པ་དྲུག་པ་ནས་ཡར་ལངས་ཏེ་གྲོང་ཚོའི་ཏང་ཡོན་དང་གཞོན་ནུ་དར་མ་བསྡུ་རུབ་བྱས་ཏེ་དཔུང་སྡེ་དང་རོགས་སྐྱོབ་མི་སྣར་གཞོགས་འདེགས་ཀྱིས་ས་གནས་ཁག་ནས་དབོར་བའི་གེགས་སྐྱོབ་དངོས་པོ་བགོ་བཤའ་རྒྱག་རོགས་བྱེད་པ་དང་འབྲེལ་ཡུལ་མི་ཚོ་སྐུལ་སློང་ཧུར་ཐག་བྱས་ཏེ་དུས་ཚོད་དམ་འཛིན་གྱིས་འབྲོག་ལས་ཐོན་སྐྱེད་སླར་གསོ་བྱས་ཡོད།
ཉེ་བའི་ལོ་ཤས་ནང་། གྲོང་མི་མགྱོགས་པོ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱ་ཆེད་དགྲ་ལྷས་ཤང་སྲིད་གཞུང་བརྒྱུད་དེ་ཡངས་པ་ཅན་གྲོང་གསེབ་ཡིད་རྟོན་ཁང་ནས་དངུལ་བུན་གཡར་ཏེ་འབྲོག་ཟོག་གི་ཚོང་བརྒྱབ་པ་དང་ད་དུང་ཚོང་གི་འདུ་ཤེས་ལྡན་པའི་མང་ཚོགས་འགར་དངུལ་བུན་གཡར་རོགས་ཀྱིས་འབྲོག་ཟོག་གི་ཚོང་རྒྱག་གི་ཡོད། ཉེ་བའི་ལོ་གསུམ་ནང་ཡངས་ཡིད་གྲོང་ཚོའི་མང་ཚོགས་ཀྱིས་ཁྱོན་དངུལ་བུན་སྒོར་ཁྲི་60ལྷག་ཙམ་གཡར་བ་དང་གྲོང་མི་20ལྷག་ཙམ་གྱིས་འབྲོག་ཟོག་གི་ཚོང་རྒྱག་གི་ཡོད། དགྲ་ལྷ་དང་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གཅིག་གི་མིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས་ཡུལ་མི་ཚོས་ཕྱུགས་ཟོག “བཤས་མི་ཕོད་པ་དང་འཚོང་བར་འཛེམས་པའི ”སྲོལ་རྒྱུན་གྱི་འདུ་ཤེས་རིམ་པས་ཁྱད་བསད་ཐུབ་ནས་བཤས་གཏོང་ཚད་ལོ་རེ་བཞིན་འཕར་བ་དང་ཚོང་ཟོག་ཏུ་སྒྱུར་ཚད་ཀྱང་46%ཟིན་ནས་ན་ནིང་ཡངས་ཡིད་གྲོང་ཚོའི་མང་ཚོགས་མི་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་2000ལས་སྒྲོལ་ཡོད།