དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འཇོན་ཐང་ཅན་དེ་གྲོང་ཚོའི་རྒྱན་དུ་གྱུར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        གྲ་ནང་རྫོང་གྲ་ཕྱི་ཤང་ཐར་པ་གླིང་གྲོང་ཚོར་ཞིང་འབྲོག་མང་ཚོགས་ཚོས་ཚན་རྩལ་དཔེ་མཚོན་བ་དང་། ཕྱུག་འགྱུར་གྱི་སྣེ་ཁྲིད་པ། སྲོལ་བཟང་དར་སྤེལ་བ་ཞེས་ཤིས་བརྗོད་བྱེད་ཡུལ་ཞིག་ཡོད་པ་དེ་ནི་གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་འཇམ་དབྱངས་བཟང་པོ་ཞེས་པ་དེ་རེད།

        ད་ལོ་ལོ་44ལ་སོན་པའི་ཀྲི་ཧྲུའུ་འཇམ་དབྱངས་བཟང་པོས་ཧྲུའུ་ཅིའི་འགན་འཁུར་བ་ནས་བཟུང་གྲོང་ཚོ་དེ་གའི་ཆ་རྐྱེན་དང་བསྟུན་ནས་མང་ཚོགས་ལ་ཕན་བདེ་སྐྲུན་རྒྱུས་འགག་སྒྲོལ་བྱེད་པ་དང་། མང་ཚོགས་ཕྱུག་འགྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུས་ལས་དོན་གྱི་གཞི་འཛུགས་སར་བརྩིས་ཐོག་མང་ཚོགས་རྣམས་སེམས་འགུལ་ཐེབས་པའི་ལས་བཟང་མང་དག་ཅིག་བསྒྲུབས་ཡོད་པས་དེར་བརྟེན་གང་སར་ཁོང་ནི་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེབས་ཞུ་མཁན་གཞི་རིམ་ལས་བྱེད་པ་ཞིག་རེད་ཅེས་ཤོད་མཁན་མང་པོ་ཡོད་པ་རེད།

        འཇམ་དབྱངས་བཟང་པོས་1989ལོར་དམག་ཁོངས་ནས་ཕྱིར་ལོག་རྗེས་དཔུང་སྡེའི་ནང་སྦྱངས་པའི་ཤེས་བྱར་བརྟེན་ནས་འཕྲུལ་ཆས་ཉོས་ཐོག་སྐྱེལ་འདྲེན་ལས་ལ་ཞུགས་པ་དང་། ཁྱིམ་དུ་གསོ་ཚགས་ཁང་འཛུགས་པ་སོགས་ལས་རིགས་འདྲ་མིན་བྱས་ཏེ་དཔལ་འབྱོར་གྱི་ཡོང་ཁུངས་རྒྱ་ཆེར་བཏང་བས་ལོའི་ནང་ཡོང་འབབ་ཁེ་གཙང་སྒོར་5500ཡན་ཟིན་པའི་ཁྱིམ་ཚང་ཞིག་ཏུ་གྱུར། 2002ལོར་ཁོང་གིས་གོང་རིམ་གྱི་བླང་བྱ་ལྟར་ཚོང་གཉེར་བྱེད་པའི་གོ་སྐབས་བློས་བཏང་ནས་ཐར་པ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར། དེ་དུས་ཐར་པ་གླིང་གྲོང་ཚོའི་བཀོད་པ་ཉམས་ཞན་ཡིན་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པ། མང་ཚོགས་ཀྱི་ཐོན་སྐྱེད་རྩོལ་ཤུགས་དེ་ཙམ་མི་ཆེ་བའི་ཁར་ཐབས་ལམ་རྒྱ་ཆེར་གཤོང་བའི་བློ་ཁོག་ཆུང་བ་སོགས་ཀྱིས་རྐྱེན་པས་དཔལ་འབྱོར་དེ་མཚུངས་སུ་འཕེལ་རྒྱས་འགྲོ་འགོར་བ་དང་། ཕྱུག་འགྱུར་གྱི་འདོད་འདུན་འགྲུབ་དཀའ་བར་གྱུར་ཡོད་ཅིང་། ཤང་ཡོངས་སུ་སྐད་གྲགས་ཆོད་པའི་དབུལ་པོའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

        ཁོང་གིས་གྲོང་ཚོའི་གནས་བབ་དེ་མཐོང་རྗེས་སེམས་སྐྱིད་པོ་གཏན་ནས་མ་བྱུང་བར་བློ་ཐག་ཆོད་པོས་རང་ཉིད་ནས་གཙོས་གྲོང་ཚོ་ཨུ་ལྷན་གྱི་འགོ་ཁྲིད་རྣམས་ནས་དཔུང་ཁག་འཛུགས་སྐྲུན་གྱི་ལམ་ལུགས་ཅན་དང་། གྲོང་ཚོར་འགྲིམ་འགྲུལ་ཤར་གཏོང་ཅན། མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཅན། ཐོན་ལས་གྲུབ་ཆ་སྣེ་མང་ཅན་བཅས་ཀྱི་ཐད་ལོ་གསུམ་ནང་འགྱུར་ལྡོག་ཆེན་པོ་གཏོང་རྒྱུའི་དམ་བཅའ་བཞག

        ཁོང་གིས་དེ་སྔོན་གྲོང་ཚོ་དེའི་རྨང་གཞིའི་སྒྲིག་ཆས་ཧ་ཅང་ཞན་པོ་ཡིན་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྨང་གཞི་ཞན་པའི་གནས་ཚུལ་ལ་གཞིགས་ནས་2002ལོ་ནས་བཟུང་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྐྱོར་རྣམ་གྲངས་བརྩོན་ལེན་དང་། མང་ཚོགས་ཀྱི་ལྟོ་གོས་ཉིས་འཛོམས་ཡོང་ཐབས་བྱས་པས་ད་ལྟའི་བར་དུད་ཚང་40ཙམ་ཞིག་དབུལ་པོའི་གནས་ལས་གྲོལ་བ་མ་ཟད། དུད་ཚང་40ཡིས་སྔ་རྗེས་སུ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་སོགས་འགྲིམ་འགྲུལ་དང་ཐོན་སྐྱེད་ཡོ་ཆས་ཉོ་ཐུབ་པ་བྱུང་བ་དང་དེ་བཞིན་དུད་ཚང་50ཙམ་གྱིས་ཁྱིམ་དུ་ཁ་པར་ཡང་བཙུགས་ཡོད་པ་རེད།

        མང་ཚོགས་ཕྱུག་འགྱུར་ཡོང་མིན་གྱི་འགག་རྩ་ནི་ལས་བྱེད་པ་ཡིན་པ་དེ་ཁོང་གིས་གསལ་པོ་ཤེས་ཀྱི་ཡོད་པ་དང་། འགོ་ཁྲིད་དཔུང་ཁག་ཡག་པོ་ཞིག་མེད་ཚེ་མང་ཚོགས་སྐྱོན་བྲལ་ངང་ཕྱུག་ལམ་དུ་སྐྱོད་མི་ཐུབ་པའི་ངོས་འཛིན་བྱས་ཏེ་ཁོང་གིས་འགོ་ཁྲིད་དཔུང་ཁག་འཛུགས་སྐྲུན་ནས་འགོ་བཙུགས་ཏེ་གྲོང་ཚོའི་ཚོགས་ཆུང་གི་ཁོངས་མི་ལེགས་སྒྲིག་བྱས་པ་དང་དུས་ཐོག་ཏུ་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་ལམ་ལུགས་གཏན་འབེབས་བྱས་ཏེ་ལས་བྱེད་པའི་བསམ་བློར་གནོན་ཤུགས་ཡོད་པ་དང། ལས་དོན་ལ་སྒུལ་ཤུགས་ཡོད་པ། རང་འགུལ་ངང་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་ཐུབ་ཐབས་བཅས་བྱས་པ་དང་། སྔ་རྗེས་སུ་གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་སློབ་གསོའི་སྦྱོང་བརྡར་གྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་། རིག་གནས་ཤེས་བྱའི་ཆུ་ཚད་གོང་མཐོར་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་པའི་འཇོན་ནུས་ཆེ་རུ་བཏང་བ་རེད།

        འཇམ་དབྱངས་བཟང་པོས་ཏང་ཡོན་ལས་བྱེད་པར་རེ་བ་ནན་པོ་འདོན་པ་དང་རང་ཉིད་ལ་དེ་བས་ནན་པའི་བླང་བྱ་བཏོན་པའི་ཐོག་ནས་དུས་རྒྱུན་འཚོ་བའི་ནང་ཏང་གི་སྲིད་ཇུས་ཤོད་རྒྱུར་སྣེ་ཁྲིད་དང་། གོ་ཆོད་ལག་རྩལ་སྦྱོང་རྒྱུར་སྐུལ་འདེད། མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུར་སྣེ་ཁྲིད་པ། སྤྱི་ཕན་བྱ་གཞག་སྒྲུབ་རྒྱུར་འགྲན་སློང་བཅས་བྱས་པས་གྲོང་ཚོ་དེའི་ཏང་ཡོན་ཚོའི་དཔེ་མཚོན་དུད་ཚང་གི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བ་དང་། དེ་བཞིན་ཕྱུག་འགྱུར་བྱེད་པར་འཇོན་ཐང་ལྡན་པའི་ཏང་ཡོན་ལྔ་དཔེ་མཚོན་དུད་ཚང་དུ་གཏན་འབེབས་བྱས་ཏེ་ཀྲི་པུའུ་ཡིས་ཡུན་རིང་ནང་མི་རེས་ཁག་སོ་སོར་དབུལ་པོའི་ཁྱིམ་ཚང་3ག་སྦྱར་བྱས་ཏེ་ཆ་འཕྲིན་དང་། རྣམ་གྲངས། ལག་རྩལ། མ་དངུལ་སོགས་ཀྱི་ཐད་རོགས་སྐྱོར་ཐུབ་པ་བྱས་པས་མང་ཚོགས་ཀྱི་བསྔགས་བརྗོད་ཡང་ཡང་ཐོབ་ཡོད་པ་རེད།

        འཇམ་དབྱངས་བཟང་པོས་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མི་སྒྲིག་འཛུགས་བྱས་ཏེ་དབུལ་སྐྱོར་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་རང་ཉིད་ཀྱིས་རྟག་ཏུ་མང་ཚོགས་ཀྱི་ཆེད་དུ་ལས་བཟང་མང་པོ་བསྒྲུབས་ཡོད་པ་ལས་རེ་གཉིས་དཔེར་དྲངས་ནས་བརྗོད་ན་འདི་ལྟ་སྟེ། ཁོང་གིས་ནོར་སྟོད་གྲོང་ཚོ་དང་བསམ་གྲུབ་སྦུག་གྲོང་ཚོའི་དབུལ་པོའི་དུད་ཚང་བསམ་གྲུབ་དང་ཚེ་རིང་བསྟན་དར་གཉིས་ལ་སྔ་རྗེས་སུ་སྒོར་2800ཡི་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་བ་དང་། གྲོང་གསར་འཛུགས་སྐྲུན་བྱེད་པའི་ལས་ཀའི་ནང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་སྐུལ་སློང་བྱས་ཏེ་མང་ཚོགས་ལ་ཤིང་ཆ་ཉོ་བའི་དངུལ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ། ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མི་སྒྲིག་འཛུགས་བྱས་ཏེ་འོས་འགན་ངལ་རྩོལ་ལ་བརྟེན་ནས་མང་ཚོགས་ཀྱི་སྡོད་ཁང་རྒྱག་རྒྱུ་སོགས་ཀྱི་ཐད་རོགས་རམ་བྱས་ཡོད་ཅིང་། ད་ཕན་ལོ་གསུམ་གྱི་རིང་ཐར་པ་གླིང་གྲོང་ཚོའི་མང་ཚོགས་དུད་ཚང་10ལ་ཁོང་གིས་སྣེ་ཁྲིད་པའི་འོག་ཏང་ཡོན་ཚོའི་རོགས་རམ་ཤུགས་ཆེན་ཐོབ་ཡོད་པ་དང་། དབུལ་སྐྱོར་མ་དངུལ་སྒོར་8000ཙམ་ཟིན་ཡོད་པ་རེད།

        འཇམ་དབྱངས་བཟང་པོའི་སྣེ་ཁྲིད་འོག་ཐར་པ་གླིང་གྲོང་ཚོའི་ལས་དོན་ཁག་ལ་གྲུབ་འབྲས་ལེགས་པོ་ཐོབ་སྟེ་གྲོང་ཚོ་དེར་སྔ་རྗེས་སུ་གྲ་ནང་རྫོང་གི་བསམ་པའི་དཔལ་ཡོན་གཏོད་པའི་དཔེ་མཚོན་གྲོང་ཚོ་དང་། ཁྲིམས་ལུགས་དཔལ་ཡོན་དར་བའི་དཔེ་མཚོན་གྲོང་ཚོ། དབུལ་སྐྱོར་སྔོན་ཐོན་གྲོང་ཚོ་བཅས་ཀྱི་མཚན་སྙན་ཐོབ་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་དེ་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས་པ། ཁོང་རང་ཉིད་ལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་བཅས་སོ། (འཕྲིན་སྤེལ་བ་ཚེ་རིང་དབང་འདུས་ཀྱིས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།