དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འགན་སེམས་ཆེ་ལ་ཇུས་བཟང་ལྡན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ས་སྐྱ་རྫོང་ཁོངས་བཀྲ་ཤིས་སྒང་ཤང་ལྕང་སྟོད་གྲོང་ཚོའི་མང་ཚོགས་ཚོར་སྡོད་ཁང་རྒྱག་རྒྱུའི་ཐད་སྲིད་ཇུས་དང་མ་དངུལ་གྱི་ཐད་ནས་གོང་རིམ་གྱི་རོགས་སྐྱོར་ཡོད་པས་དགའ་ཚོར་ཆེན་པོ་བྱུང་ཡོད་མོད། འོན་ཏེ་ངལ་རྩོལ་ནུས་ཤུགས་དང་ལག་རྩལ་མི་སྣ་་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པས་གནས་ཚུལ་དེ་ཐག་གཅོད་བྱེད་པའི་ཆེད་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་ཇུས་བཟང་བཏོན་པ་དང་བྱ་ཐབས་གཏན་འབེབས་ལག་བསྟར་ནན་པོ་བྱས་པར་བརྟེན་ཁོང་ནི་མང་ཚོགས་ཀྱི་མིག་མདུན་དུ་འགན་སེམས་ཆེ་ལ་ཇུས་བཟང་ལྡན་པའི་འགོ་ཁྲིད་ལས་བྱེད་པ་ཞིག་ཏུ་གྱུར་པའོ།

        ལྕང་སྟོད་གྲོང་ཚོ་ནི་བཀྲ་ཤིས་སྒང་ཤང་གི་འགྲིམ་འགྲུལ་ཅུང་མི་བདེ་པའི་རང་བྱུང་གྲོང་ཚོ་ཞིག་ཡིན་ཅིང་། དེ་གར་དུད་ཚང་66དང་མི་གྲངས་368ཡོད་པ་དང་2006ལོ་ནས་བཟུང་རྫོང་དེའི་ཤང་གྲོང་གཞན་དང་འདྲ་བར་རྒྱལ་ཁབ་ནས་སྡོད་ཁང་ལེགས་བཅོས་བྱེད་པའི་མ་དངུལ་རོགས་སྐྱོར་བྱེད་འགོ་ཚུགས་པས་མང་ཚོགས་ཀྱི་སེམས་ལ་སྤྲོ་བ་རབ་ཏུ་བརྟས། ཡིན་ནའང་དུད་ཚང་ཆེས་ཉུང་ཤས་ཕུད་ཕལ་ཆེ་བར་ངལ་རྩོལ་ནུས་ཤུགས་མི་འདང་བར་ཕྱི་ཕྱོགས་ནས་མི་གླ་བསྟེན་དགོས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཕྱི་ཕྱོགས་ནས་ལག་རྩལ་པ་ལྟ་བཞག་ངལ་རྩོལ་པ་སྤྱིར་བཏང་གླས་ཀྱང་ཉིན་རེའི་གླ་ཆ་མཐོ་བ་མ་ཟད། ད་དུང་ཨར་པོ་བར་ཞལ་ཏོག་དང་ཐ་མག ཁ་བཏགས་སོགས་སྤྲོད་དགོས་ཀྱི་ཡོད་པས་ཁྱིམ་ཚང་གི་འཚོ་བར་བརྡབས་གསིག་ཆེན་པོ་བཟོ་གི་ཡོད་པ་རེད་ལ་དེས་རྐྱེན་པས་དུད་ཚང་མང་པོ་ཞིག་གིས་སྡོད་ཁང་གསར་རྒྱག་བྱེད་ཐུབ་ཀྱི་མེད་པ་རེད།

        གོང་གསལ་གནས་ཚུལ་དེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་ཤེས་རྗེས་གནས་ཚུལ་དེར་ནུས་ཡོད་ཀྱི་བྱ་ཐབས་ཤིག་འཚོལ་ཞིབ་མ་བྱས་ན་མི་འགྲིག་པའི་ངོས་འཛིན་བྱས་ཐོག་འཕྲལ་དུ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བྱ་ཐབས་འདི་ལྟར་སྤྱད་པ་སྟེ། གྲོང་ཚོ་རང་ངོས་ཀྱི་ངལ་རྩོལ་ནུས་ཤུགས་རྣམས་ཚོགས་ཆུང་གཉིས་ལ་བགོས་ཏེ་ཨར་ལས་ནང་ཞུགས་དགོས་པའི་གཏན་འབེབས་བྱས་པ་དང་ཕྱོགས་མཚུངས་ཨར་རྒྱག་དུད་ཚང་རེར་ཨར་ལས་ཚོགས་ཆུང་རེས་ཉིན་བདུན་རེ་ལས་ཀ་བྱེད་དགོས་པའི་ལས་བགོས་བརྒྱབ་པ་དང་། དེ་བཞིན་ཨར་ལས་པས་འོས་འཚམས་ཀྱི་གླ་ཆ་ལེན་པ་ལས་ཁྱིམ་ཚང་ལ་ལྟོ་ཆས་སྟེར་རྒྱུ་དང་། ཞལ་ཏོག་དང་ཐ་མག་སྟེར་རྒྱུ་སོགས་ཀྱི་རྡོག་ཁྲེས་འགེལ་མི་ཆོག་པ་བཟོས་སྟབས་གྲོང་ཚོ་དེའི་སྡོད་ཁང་གསར་རྒྱག་གི་ལས་ཀ་རྣམས་གྲོང་ཚོ་རང་ཉིད་ཀྱིས་རང་མགོ་རང་ཐོན་བྱེད་ཐུབ་པ་བྱུང་ཡོད་པ་དང་། ད་བར་ལོ་གཉིས་ལྷག་ཙམ་ནང་སྡོད་ཁང་48ལེགས་བཅོས་དང་གསར་རྒྱག་ལེགས་གྲུབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།