དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལོ་གསུམ་ནང་ཚུན་དུ་ཤང་དང་གྲོང་རྡལ་གྱི་ཞིང་ལས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཤང་དང་གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་ནི་གཙོ་གནད་ཡིན།

        《གཏན་འབེབས 》ནང་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་གྱི་སྒྲིག་གཞི་གསར་གཏོད་བྱེད་པ་དང་མི་སྣའི་བྱང་ཚད་མཐོ་རུ་བཏང་ནས་ལོ་གསུམ་གྱི་ནང་ཚུན་དུ་རྒྱལ་ཡོངས་སུ་ཤང་དང་གྲོང་རྡལ་ངམ་ཡང་ན་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་དང་རྩི་ཤིང་གི་ནད་ཡམས་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཐོན་ཟོག་གི་སྤུས་ཚད་ལྟ་སྐུལ་དོ་དམ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་ཡོངས་ཁྱབ་ངང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་རིམ་བཞིན་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད། ཐབས་ཇུས་གལ་ཆེན་དེས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཁ་ཕྱོགས་ཀྱི་དམིགས་ཚད་དང་། ལས་འགན་གཙོ་བོ། ཞིབ་ཕྲའི་བླང་བྱ་བཅས་གསལ་སྟོན་བྱས་ཡོད།

        ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ནི་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཀྱིས་ཞིང་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཤང་དང་གྲོང་རྡལ་གྱི་སྒྱུར་བཅོས་དང་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཀྱང་ས་ཁུལ་ཁག་གཅིག་གིས་ཤང་དང་གྲོང་རྡལ་གྱི་སྒྲིག་གཞི་སྒྱུར་བཅོས་ཁྲོད་མི་དང་། བྱ་བ། འགྲོ་སོང་བཅས་ཉུང་དུ་གཏོང་རྒྱུ་དང་། ཞིང་ལས་ལག་རྩལ་འབོར་ཆེན་ཁྱབ་གདལ་གཏོང་རྒྱུ་སོགས་ཞབས་ཞུའི་སྒྲིག་གཞི་ཕྱིར་འཐེན་དང་ཟླ་སྒྲིལ་རྒྱུ། ཆེད་ལས་མི་སྣ་འབོར་ཆེན་ལས་ཀ་གཞན་དག་བྱ་རྒྱུར་ཁག་བགོས་སམ་ཡང་ན་བཀོད་སྒྲིག་བྱས་ནས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཉམས་ཞན་དུ་འགྲོ་བ་བཅས་ཀྱི་ཕྱོགས་རེའི་ནན་བཤད་བྱས་ཡོད། མིག་སྔར་ཞིང་ལས་ཀྱི་སྤྱི་པའི་རང་བཞིན་གྱི་ཞབས་ཞུ་དང་ལྷག་པར་དུ་ཞིང་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་དང་རྩི་ཤིང་གི་ནད་ཡམས་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བཅས་དེ་མཚུངས་ཀྱིས་ཉམས་ཞན་ཡིན་པ་དེས་ཞིང་ལས་འཕེལ་རྒྱས་འགྲོ་རྒྱུ་དང་ཞིང་པར་འབབ་འཕར་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མིག་སྔར་གལ་འགངས་ཆེ་ཞིང་དགོས་གཏུགས་ཆེ་བའི་ལས་འགན་ཞིག་རེད།

        ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་དང་རྨང་གཞི་ནི་ཤང་གྲོང་དང་གྲོང་ཚོ་རིམ་པ་གཉིས་རེད། ཤང་གྲོང་སྲིད་གཞུང་ནི་ཆེས་གཞི་རིམ་གྱི་མི་དམངས་སྲིད་དབང་ཞིག་ཡིན་པ་དང་སྲིད་གཞུང་གི་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུ་དེ་གཙོ་གནད་ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་རྩ་འཛུགས་ཀྱི་ལག་བསྟར་ལ་བརྟེན་དགོས་པས་ངེས་པར་དུ་ཕན་མཐོ་དང་ནུས་ཆེའི་ངང་འགན་ནུས་ལག་བསྟར་བྱེད་པའི་ཤང་དང་གྲོང་རྡལ་གྱི་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཚོ་ནི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་ཡུལ་གྱི་འཐབ་ས་ཨང་དང་པོ་དེ་ཡིན་པས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུ་དེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་སྤེལ་རྒྱུའི་འགན་ལེན་བྱ་ཆེད་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་འཛུགས་རྒྱུའི་དགོས་པ་ཡོད། རང་རྒྱལ་གྱི་ཤང་དང་གྲོང་རྡལ་དང་གྲོང་ཚོའི་གྲངས་ཚད་ཧ་ཅང་མང་པོ་ཡིན་པ་དང་ཤང་དང་གྲོང་རྡལ་གྱི་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་དང་དེ་བཞིན་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་འཛུགས་སྐྱོང་གི་ལས་འགན་ཧ་ཅང་ཪྙོག་འཛིང་ཆེན་པོ་ཡིན་པར་གཞིགས་ཏེ་ངེས་པར་དུ་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པ། གཙོ་གནད་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་སྤེལ་གཏོང་དགོས།

        སྐུལ་མ་གཏོང་བ་དང་འཆུན་འདོམས་ཀྱི་ཟུངས་ནུས་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་ལག་བསྟར་བྱེད་པའི་འགྲོ་གྲོན་འགན་ལེན་བྱེད་པ།

        ཤང་དང་གྲོང་རྡལ་གྱི་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བར་མི་སྤྱོད་ལམ་ལུགས་སྒྱུར་བཅོས་བྱེད་དགོས་པ་དང་ཞབས་ཞུའི་འདུ་ཤེས་ཡོད་པ་དང་། ནུས་པ་དང་ཡོན་ཏན་ངོ་མ་ལྡན་པའི་ཆེད་ལས་ལག་རྩལ་མི་སྣ། ཆེད་ལས་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་བཅས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ལས་གནས་ཐོག་གདམ་གསེས་བྱས་ཏེ་མི་སྣའི་བྱང་ཚད་འགན་ལེན་བྱེད་དགོས། དཔྱད་ཞིབ་ཚད་བསྡུར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུ་བའི་ལས་ཀའི་འབོར་ཚད་དང་ཞིང་པར་ཞབས་འདེགས་ཞུ་བའི་ལས་ཀའི་གྲུབ་འབྲས་དངོས་དེ་དཔྱད་ཞིབ་ཀྱི་དམིགས་ཚད་དུ་བརྩི་བ་དང་ཞིང་པ་མང་ཚོགས་ཀྱི་གདེང་འཇོག་དེ་དཔྱད་ཞིབ་བྱེད་པའི་གལ་ཆེའི་ནང་དོན་དུ་བརྩི་དགོས། བགོ་བཤའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཞབས་ཞུ་བའི་ཡོང་འབབ་དང་། ལས་གནས་ཀྱི་འགན་འཁྲི། ལས་ཀའི་གྲུབ་འབྲས་བཅས་འབྲེལ་བ་བྱས་ནས་ཁོང་ཚོའི་ལས་ཀའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས།

        ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་པའི་ནོར་སྲིད་ཀྱི་གཏོང་ཆ་འགན་ལེན་ཏན་ཏིག་བྱེད་པ། ས་གནས་རིམ་ཁག་སྲིད་གཞུང་གིས་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞིར་འགན་འཁྲི་ལག་བསྟར་བྱེད་སྐབས་མཁོ་བའི་འགྲོ་གྲོན་རྣམས་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་དགོས། གལ་ཆེའི་ཞིང་ལས་ལག་རྩལ་རྣམ་གྲངས་ཁྱབ་གདལ་གཏོང་བ་དང་དཔལ་འབྱོར་དར་རྒྱས་མེད་པའི་ས་ཁུལ་གྱི་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་རྒྱག་དགོས། ས་གནས་ཁག་གིས་གཅིག་གྱུར་ཐོག་འཆར་འགོད་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།