བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ 11ཚེས 24ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གཞིས་རྩེ་ས་ཁུལ་གྱིས་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚུགས་བཙུགས་པ་དང་སྦྲགས་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚུགས་ཀྱི་ལས་ཀའི་འགན་ནུས་ཁ་གསལ་བཟོས་ཤིང་། ལྟ་སྐུལ་དོ་དམ་ས་ཚུགས་བཙུགས་པ་དེས་ས་ཁུལ་དེའི་རྩྭ་ཐང་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་ནུས་ལྡན་བྱས་ནས་རྩྭ་ཐང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་རྩྭ་ཐང་སྤྱོད་རྒྱུར་ལུགས་མཐུན་གྱི་མཛུབ་ཁྲིད་བྱ་རྒྱུའི་ཐད་ནུས་པ་ཐོན་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ལོ་2ནང་རང་ལྗོངས་ཀྱི་ནག་ཆུ་དང་། མངའ་རིས། ལྷོ་ཁ། གཞིས་རྩེ་བཅས་ས་ཁུལ་4ལ་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚུགས (ཁོའོ )ལོགས་སུ་བཙུགས་པ་དེས་སླད་ཕྱིན་རྩྭ་ཐང་སྲུང་སྐྱོབ་དང་། འཛུགས་སྐྲུན། ལུགས་མཐུན་ངང་བེད་སྤྱོད་བྱེད་པ་བཅས་བྱས་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་སྟེ་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།