དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པ་དང་། གཅིག་སེམས་གཅིག་གཏད་ཀྱིས་སྙིང་གཏམ་ཤོད་རེས་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་ཤས་ཀྱི་ནང་ཟླ་རེའི་ཚེས 10དང་ཚེས 21ཉིན་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཆི་ཀྲོའུ་ཡིས་རང་ཉིད་ཀྱི་གཞུང་ལས་ཁང་ནང་ལས་ཀ་བྱེད་པར་མ་བསྐྱོད་པར་ཐད་ཀར་རྫོང་ཡིག་སྐུར་ངོ་བཅར་ཅུས་ཀྱི་ངོ་བཅར་སྣེ་ལེན་ཚོམས་ཆེན་ནམ་ཡང་ན་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་ཀྱི་ཡོད། ད་བྱེད་དུས་ཟླ་རེའི་གོང་གསལ་གྱི་ཉིན་དེ་གཉིས་ནི་ངོ་བཅར་དང་ལེན་ཞུས་ནས་ངོ་ཐུག་གདོང་འཕྲད་ཀྱིས་དམངས་ཀྱི་སེམས་ནང་གི་སྐད་ཆ་ཉན་པ་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཉིན་མོ་ཡིན་པ་རེད།

        ཟླ 9ཚེས 10ཉིན་གསར་འགོད་པ་འཕྱོངས་རྒྱས་རྫོང་དུ་བཅར་འདྲི་བྱེད་པར་བསྐྱོད་སྐབས་ཧྲུའུ་ཅི་ཧོང་ལགས་ཀྱིས་ངོ་བཅར་དང་ལེན་ཞུ་བའི་ཉིན་མོ་དང་སྐབས་འཁེལ་བར་བརྟེན་ཁོང་གིས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་དང་སྤེལ་རེས་བྱེད་པ་དང་གཞི་རིམ་གྱི་འབོད་སྒྲ་ཉན་ནས་གཞི་རིམ་གྱི་གནད་དོན་ཐག་གཅོད་བྱེད་པའི་གནས་ཚུལ་མཐོང་བྱུང་།

        ཧོང་ཆི་ཀྲོའུ། དེ་རིང་ང་ཚོ་ཚོ་བརྒྱད་གྲོང་ཚོར་ཡོང་བ་དེ་ནི་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་རྫོང་ཨུད་ཀྱི་ཧྲུའུ་ཅིས་བཅར་འདྲི་དང་ལེན་ཞུ་བའི་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུའི་ཞིབ་ཕྲའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པས་རེ་བར་ཡུལ་མི་ཚོས་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་སྙན་སེང་ཞུ་བ་དང་ང་ཚོའི་ཏང་གི་ལས་དོན་ལ་བསམ་འཆར་དང་ལྟ་སྟངས་གང་ཞིག་ཡོད་པ་འདོན་རོགས་གནང་། ང་ཚོས་འབད་བརྩོན་གང་ཡོད་ཀྱིས་ཐག་གཅོད་བྱེད་རོགས་བྱེད་རྒྱུ་དང་ཐག་གཅོད་བྱེད་མི་ཐུབ་པ་རྣམས་ང་ཚོས་རིམ་པ་གོང་མར་སྙན་སེང་ཞུས་ཏེ་ཁྱེད་ཚོར་བློ་ཡིད་ཚིམས་པའི་ལན་ཞིག་འདེབས་རྒྱུ་ཡིན།

        བྱམས་པ། ཉེ་ལམ་ལོ་ཤས་རིང་ཀྲུང་དབྱང་གིས་ང་ཚོ་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་ཧ་ཅང་ཆེན་པོ་གནང་བར་བརྟེན་ང་ཚོས་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་པོའི་ནང་འཚོ་བ་སྐྱེལ་བའི་དྲོ་སྐྱིད་དངོས་འབྲེལ་ཚོར་བྱུང་། ང་ཚོ་ཏང་ཀྲི་པུའི་ཚན་ཁག་གཅིག་གི་མིས་ཀྱང་ཐབས་དང་ཇུས་བཏོན་ནས་མང་ཚོགས་སྣེ་ཁྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱས་ཡོད། འོན་ཀྱང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་ལས་ཀའི་ནང་སྔར་བཞིན་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་པ་འདུག

        ཧོང་ཆི་ཀྲོའུ། གཞི་རིམ་ཏང་འཛུགས་ལས་དོན་ནི་ཏང་འཛུགས་སྐྱོང་གི་གཞི་རྩ་ཡིན་པས་གཞི་རིམ་ཏང་འཛུགས་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་མ་ཐུབ་ཚེ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དང་དེར་ཤུགས་སྣོན་རྒྱག་མི་ཐུབ། འདི་ལོ་ཚུན་ང་ཚོ་འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས “རིམ་གསུམ་མཉམ་གཏོད ”དང “རྨང་གཞི་གཉིས་ཀྱི་འདུ་འགོད ”ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་གཞི་རིམ་ཏང་འཛུགས་ལས་དོན་གྱི “བཅུ་ཟུང ”དམིགས་ཚད་ལ་དམ་པོར་དམིགས་ནས་ཤུགས་སྣོན་ཆེན་པོ་བརྒྱབ་པར་གྲུབ་འབྲས་མི་དམན་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་གནས་ཡོད་པས་ང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་ལགས་ཀྱིས་ཚོ་བརྒྱད་གྲོང་ཚོའི་གཞི་རིམ་ཏང་འཛུགས་ཀྱི་གནས་ཚུལ་སྐོར་གླེང་རོགས་གནང་།

        བྱམས་པ། ཧྲུའུ་ཅི་ཧོང་ལགས། ང་ཚོ་ཚོ་བརྒྱད་གྲོང་ཚོར་ད་ལྟ་མི་ 622 ཡོད་པའི་ནང་ཏང་ཡོན་ 31 ཡོད་པ་དང་གཏན་འབེབས་གཞིར་བཟུང་གྲོང་ཚོའི་ལས་བྱེད་པ་རྒན་པ་གཅིག་དང་གཞོན་པ་གཉིས་བསྐོས་ཡོད་པ་དང་ན་ནིང་སྐབས་བརྗེས་རྗེས་ཚན་ཁག་གི་འཐབ་ནུས་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཧུར་བརྩོན་རང་བཞིན་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།

        ཧོང་ཆི་ཀྲོའུ། རྒྱུ་མཚན་གང་དུ་ཐུག་ཡོད་དམ།

        བྱམས་པ། གཙོ་བོ་ནི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་སྦྲགས་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བ་དང་དངུལ་ཁུག་ཀྱང་རིམ་བཞིན “རྒྱགས ”སུ་ཕྱིན་ཡོད། ད་ཆ་ཕྱིར་ལས་ཀ་བྱེད་པར་སྐྱོད་མཁན་ཇེ་མང་དུ་འགྲོ་བ་དང་ལས་ཀ་བྱེད་པར་སྐྱོད་མཁན་མི་རེའི་ལོའི་ཡོང་འབབ་ཉུང་མཐར་ཡང་སྒོར་ལྔ་སྟོང་དྲུག་སྟོང་ཙམ་ཡོང་གི་ཡོད། འོན་ཀྱང་ང་ཚོའི་ད་ལྟའི་གྲོང་ཚོའི་ལས་བྱེད་པའི་ལས་ཐེབས་ཆག་པའི་ཚད་གཞི་ནི་འགོ་ཁྲིད་རྒན་པར་ལོ་གཅིག་ལ་སྒོར་2050 ལས་མེད་པ་དང་འགོ་ཁྲིད་གཞོན་པར་དེ་བས་ཉུང་བ་ཡོད་པ་སྟེ་སྒོར་1850 ལས་མེད་པས་མི་མང་པོ་ཞིག་གིས་ཕྱིར་ལས་ཀ་བྱེད་པར་སྐྱོད་འདོད་བྱེད་པ་ལས་གྲོང་ཚོའི་ལས་བྱེད་པ་བྱེད་འདོད་བྱེད་ཀྱི་མེད།

        ཧོང་ཆི་ཀྲོའུ། འོ་ན་ད་ཆ་གྲོང་ཚོའི་ལས་བྱེད་པར་རེ་བ་ག་རེ་ཡོད་དམ།

        བྱམས་པ། ང་ཚོའི་རེ་བ་ནི་གྲོང་ཚོའི་ལས་བྱེད་པའི་ལས་ཐེབས་ཆག་པའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ནས་ཕྱིར་ལས་ཀ་བྱེད་པར་སྐྱོད་མཁན་གྱི་ཡོང་འབབ་དང་འདྲ་བ་ཡོང་བ་བྱ་རྒྱུ་དེ་ཡིན།

        ཧོང་ཆི་ཀྲོའུ། ཁྱེད་ཀྱིས་ཡག་པོ་བཤད་སོང་། ང་ཚོ་གཞི་རིམ་གྱི་གྲོང་ཚོ་རིམ་པའི་ལས་བྱེད་པའི་ཁ་གསབ་ཀྱི་ཚད་གཞི་དེ་མཐོ་རུ་གཏོང་དགོས་ཀྱི་ཡོད། ང་ཚོས་ངེས་པར་དུ་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། མིག་དཔེའི་དཔུང་ཁག་ཡག་པོ་སྐྲུན་པ། ལམ་ལུགས་ཀྱི་འགན་ལེན་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་སྐྲུན་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ཧུར་ཐག་བྱེད་དགོས། ང་ཚོས་གྲོང་གསེབ་ཀྱི་གཞི་རིམ་ཚན་ཁག་འཛུགས་སྐྱོང་བྱེད་རྒྱུ་འགོ་འཛུགས་སར་བྱས་ཏེ་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པར་ལས་བྱེད་པ་ནི་རྨང་གཞི་ཡིན་པ་དང་ཚན་ཁག་ནི་འགག་རྩ་ཡིན་པས་ང་ཚོས “སྣེ་གཉིས་དམ་འཛིན་བྱེད་པ་དང་བར་དཀྱིལ་སྣེ་ཁྲིད་བྱེད་པའི ”བསམ་ཕྱོགས་ལ་མུ་མཐུད་གཞིགས་ནས་འབད་བརྩོན་ལྷོད་མེད་ཀྱིས་གྲོང་གསེབ་ཀྱི་གཞི་རིམ་ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་དེར་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གོང་རིམ་ལ་སྙན་སེང་ཞུས་ནས་གང་མགྱོགས་བསམ་འཆར་བཏོན་ཏེ་གཞི་རིམ་གྱི་གྲོང་ཚོའི་ལས་བྱེད་པས་བཏོན་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་རྒྱུ་ཡིན།

        བྱམས་པ། ཧྲུའུ་ཅི་ལགས་ཐུགས་རྗེ་ཆེ། ཧྲུའུ་ཅི་ལགས་ཀྱིས་གསུངས་པ་ལྟར་གཞི་རིམ་རྩ་འཛུགས་ནི་ང་ཚོའི་ཏང་གི་དམག་འཐབ་མཁར་རྫོང་ཞིག་ཡིན། ཉེ་བའི་ལོ་ཤས་ནང་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ལེགས་སུ་ཕྱིན་པ་དང་སྦྲགས་གྲོང་མི་ཚོས་ཏང་གི་ཐུགས་ཁུར་གྱིས་ཉི་འོད་དང་སྦྲང་ཆར་ལྟར་ང་ཚོའི་སེམས་ཀྱི་ཞིང་ས་བརླན་པར་བྱས་པ་ཚོར་ཡོད།

        སྐབས་དེར་གྲོང་མི་སྤེན་པ་དབང་ཕྱུག་དང་མཚོ་མོ་སོགས་ཀྱིས་སྔ་རྗེས་སུ་ལོ་དེ་དག་ནང་བྱུང་བའི་གྲོང་ཚོའི་འཕོ་འགྱུར་ཆེན་པོ་གླེང་བ་གཤམ་གསལ།

        སྤེན་པ་དབང་ཕྱུག ཉེ་བའི་ལོ་ཤས་ནང་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་དེ་སྔའི་ང་ཚོའི་ཁྱིམ་གྱི་ཁང་པ་དམའ་ལ་མི་ཕྱུགས་མཉམ་དུ་སྡོད་པའི་ས་ཕག་གི་ཁང་པ་དེ་ད་ཆའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་གྱུར་ནས་དེ་སྔ་བསམ་ཀྱང་མི་ཕོད་པའི་བྱ་བ་ད་ཆ་དོན་དངོས་ལ་གྱུར་ཡོད།

        དབང་མོ། དེ་ག་རང་རེད། ཁང་པའི་ཐད་མི་ཕྱུགས་ལོགས་དབྱེ་བྱེད་ཐུབ་པ་བྱུང་བའི་ཁར་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་ཡང་ཆེ་རུ་ཕྱིན་པ་མ་ཟད་གྲོང་ཚོའི་ནང་གི་འགྲོ་ལམ་ཡང་ཨར་འདམ་ལམ་ལ་གྱུར་ནས་དེ་སྔའི་གནམ་དྭངས་དུས་ལུས་ལ་ཐལ་བ་འཁོར་བ་དང་ཆར་པ་བབས་དུས་ལྷམ་ལ་འདམ་བག་གིས་ཁེངས་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་གྲོང་ཚོའི་ནང་ད་དུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁང་པ་གསར་པ་བརྒྱབ་པ་དང་བྱེད་སྒོ་ཁང་བསྐྲུན་ནས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།

        ཧོང་ཆི་ཀྲོའུ། བྱས་ན་ཁྱེད་ཚོའི་མྱོང་ཚོར་ཆེ་ཤོས་གང་ཡིན་ནམ།

        སྤེན་པ་དབང་ཕྱུག དེ་སྔ་འགྲོ་ས་གཞན་མེད་པས་གཞོན་ནུ་ཚོས་ལས་ཀ་མེད་དུས་ཆང་འཐུང་བ་དང་ཤོ་སྦག་བརྒྱབ་ནས་སྡོད་ཀྱི་ཡོད། ད་ཆ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཁང་བསྐྲུན་ཟིན་རྗེས་གྲོང་མི་ཚོར་རང་ཉིད་ཀྱི་བྱེད་སྒོ་སྤེལ་ཡུལ་ཡོད་པ་མ་ཟད་ད་དུང་གྲོང་ཚོའི་དཔེ་དེབ་ཁང་དུ་ཞིང་འབྲོག་ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱས་ནས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་པས་ཕྱིར་བསྐྱོད་ནས་ངལ་ལས་བྱེད་པའི་གླ་ཕོགས་ཀྱང་འཕར་ཡོད།

        དབང་མོ། གྲོང་ཚོའི་ནང་གཏན་འཇགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡོད་པས་ང་ཚོ་མི་སེར་ཚོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་དང་ལས་ཀ་དལ་བའི་སྐབས་སུ་ང་ཚོས་ད་དུང་འཁྲབ་ཚན་ཆུང་ངུ་རང་རྩོམ་རང་འཁྲབ་བྱེད་ཀྱི་ཡོད།

        བྱམས་པ། གྲོང་ཚོའི་ནང་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྗེས་ང་ཚོས་གྲོང་ཚོའི་ལས་དོན་ཐད་དམངས་གཙོའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་དོ་དམ་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ་སོགས་ཀྱི་ལམ་ལུགས་སྔར་བས་ཚད་ལྡན་དུ་བཏང་ནས་གྲོང་དོན་ཡོངས་བསྒྲགས་སྒྲོམ་སྟེགས་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་གཞུང་དོན་ལ་གྲོས་བསྡུར་བྱེད་པའི་སྒྲིག་སྲོལ་སོགས་ཀྱི་ནང་དོན་ཡོངས་བསྒྲགས་ངང་གྱང་ཐོག་ཏུ་སྦྱར་ཡོད། ལམ་ལུགས་ལ་ནན་པོར་གཞིགས་ཏེ་དུས་བཀག་དང་དུས་ངེས་མེད་ནང་བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚོགས་འདུ་དང་། ཏང་ཡོན་ཚོགས་འདུ། གྲོང་མིའི་འཐུས་མིའི་ཚོགས་འདུ་བཅས་སྐོང་ཚོགས་བྱེད་ཀྱི་ཡོད།

        ཧོང་ཆི་ཀྲོའུ། ཁྱེད་ཚོས་བྱས་པ་དེ་ཧ་ཅང་ཡག་པོ་འདུག གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་གྱི་གཡུལ་སའི་ནུས་པ་ཚད་གཞི་མཐོ་ཤོས་ངང་འདོན་སྤེལ་ཡག་པོ་བྱས་ནས་དེ་གྲོང་ཚོའི་ལས་བྱེད་པའི་ཁྱིམ་ཚང་དང་། ཏང་ཡོན་གྱི་ཁྱིམ་ཚང་། གྲོང་མིའི་ཁྱིམ་ཚང་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས། མིག་སྔར་ང་ཚོ་འཕྱོངས་རྒྱས་རྫོང་གིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཁག་20བསྐྲུན་ཡོད་པས་བྱེད་སྒོ་སྤེལ་ཡུལ་དོ་དམ་དང་བེད་སྤྱོད་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་པར་ལམ་ལུགས་བཟོ་བ་དང་འགན་འཁྲི་ཁ་གསལ་བཟོས་ནས་ཁང་གཅིག་སྤྱོད་གོ་ཆོད་པོ་ཡོང་རྒྱུ་འཐའ་འཁྱོངས་བྱེད་དགོས།

        སླད་ཕྱིན་ད་དུང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་གཞུང་ལས་སྒྲུབ་པའི་ཆ་རྐྱེན་ལེགས་སུ་བཏང་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་གཏོང་དགོས།

        གསར་འགོད་པས་བཅར་འདྲི་དང་ལེན་བྱེད་པའི་བརྒྱུད་རིམ་ནང་ཧོང་ཆི་ཀྲོའུ་ཡིས་མང་ཚོགས་ཚོས་འཛེམ་ཟོན་གང་ཡང་མེད་པའི་ངང་གང་བསམ་ལྷུག་གླེང་བྱེད་དུ་བཅུག་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་རེ་ཞུ་བྱས་པ་ཁོང་གིས་ནན་ཏན་ངང་ཉན་ནས་རེ་རེ་བཞིན་ཟིན་བྲིས་བཀོད་པའི་ཁར་ལན་འདེབས་ཐུབ་པ་དང་ཐག་གཅོད་བྱེད་ཐུབ་རིགས་དེ་རང་དུ་ཐག་གཅོད་བྱས་པ་དང་། དེ་གར་ཐག་གཅོད་བྱེད་མི་ཐུབ་པ་རྣམས་འགན་འཁྲི་འཁུར་མཁན་འགོ་ཁྲིད་དང་། ཚན་པ། སྡེ་ཚན་བཅས་ཁ་གསལ་བཟོས་ནས་ཐག་གཅོད་བྱེད་པའི་བསམ་འཆར་འདོན་པ། ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་མི་ཐུབ་པ་རྣམས་མང་ཚོགས་ལ་སྲིད་ཇུས་ཤོད་པ་དང་གནད་ལུགས་བཤད་དེ་ངང་རྒྱུད་རིང་པོའི་ངང་འགྲེལ་བཤད་བརྒྱབ་པ་བཅས་མཐོང་བྱུང་། མང་ཚོགས་རེ་རེ་བཞིན་བློ་ཡིད་ཚིམས་པའི་ངང་ཕྱིར་ལོག་འགྲོ་བ་དང་ཁོང་ཚོས་དགའ་ཚོར་ཆེན་པོས “ང་ཚོས་ཞུས་པའི་གནད་དོན་ཆེ་ཆུང་གང་འདྲ་ཡིན་རུང་རྫོང་ཨུད་ཀྱི་ཧྲུའུ་ཅིས་ས་ཆ་དེ་རང་དུ་ལན་འདེབས་པ་དང་ཐག་གཅོད་བྱས་བྱུང་བས་ཧྲུའུ་ཅིས་བཅར་འདྲི་དང་ལེན་ཞུ་བའི་བྱེད་སྒོ་ནི་ཡག་པོ་འདུག རེ་བར་མུ་མཐུད་དུས་ཡུན་རིང་པོའི་ནང་བཅར་འདྲི་དང་ལེན་གྱི་བྱེད་སྒོ་དེ་འདྲ་སྤེལ་རྒྱུའི་རེ་བ་ཡོད ”ཅེས་ཤོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།