བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྣམ་གླིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རྣམ་གླིང་རྫོང་གིས “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་ལས་ཁུངས་ཀྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཞིང་། མིག་སྔར་ཏང་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཧུར་བརྩོན་ཅན་340གསོ་སྐྱོང་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་204འཕེལ་རྒྱས་བཏང་བ་མ་ཟད་རྫོང་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཡོན་34དང་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་40འཕེལ་རྒྱས་བཏང་སྟེ་གཞི་རིམ་ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེར་བཏང་བ་དང་དུས་མཚུངས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།
རྣམ་གླིང་རྫོང་དུ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་ཆབ་སྲིད་དང་བསམ་བློའི་གོ་རྟོགས་མཐོ་བ་དང་། མང་ཚོགས་ཁྲོད་དབང་གྲགས་ཆེ་བ། ཕྱུག་འགྱུར་གྱི་འཇོན་ཐང་ལྡན་པ་བཅས་ཀྱི་ལས་བྱེད་མང་ཚོགས་ཧུར་བརྩོན་པར་བརྩིས་ནས་གསོ་སྐྱོང་བྱས་ཡོད།
རྣམ་གླིང་གྲོང་རྡལ་དུ་གྲོང་རྡལ་ཏང་ཨུད་ཀྱིས་གྲོང་རྡལ་ཡོངས་ཀྱི་ཏང་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཧུར་བརྩོན་ཅན་32ལ་ལོ་གཅིག་གི་རྟོག་ཞིབ་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ཆ་རྐྱེན་འཛོམས་པའི་ཧུར་བརྩོན་ཅན་12ཏང་རྩ་འཛུགས་ནང་བསྡུས་པ་དང་འབྲེལ་མཉམ་དུ་ཏང་ནང་ཞུགས་རྒྱུའི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། མདོ་བརྗོད་ཤང་གྲོང་སྟོད་གྲོང་ཚོའི་ལོ་60ལྷག་ཙམ་ལ་སླེབས་པའི་ཞིང་པ་ཚེ་དབང་གིས་རང་འགུལ་ངང་ཏང་རྩ་འཛུགས་བཙལ་ནས་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ནས་ངེས་པར་དུ་རང་ཉིད་ཀྱི་མྱོང་བ་བརྒྱུད་དེ་གཞོན་ནུར་སློབ་གསོ་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་ཞེས་བཤད་པ་རེད།