དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དཔལ་ཡོན་སྲོལ་གསར་རབ་ཏུ་དར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལོ་གཉིས་ཀྱི་གོང་དུ་ལྷ་སའི་གྲོང་མི་ཚོས་ཀརྨ་དགོན་གསར་ཨུ་ལྷན་སྡེ་ཁུལ་སྐོར་གླེང་སྐབས་མགོ་གཡུག་གཡུག་བྱེད་ཀྱི་ཡོད། དེ་གའི་བདེ་འཇགས་དང་ཁོར་ཡུག་ཧ་ཅང་ཞན་པས་མཚན་མོར་འཕྲོག་བཅོམ་གྱི་གྱོད་གཞི་ཡང་ཡང་ཐོན་གྱི་ཡོད་སྟབས་བོགས་གཏོང་རླངས་འཁོར་ཀྱང་སྡེ་ཁུལ་ནང་སྐྱོད་ཕོད་ཀྱི་མེད།

        ལོ་གཉིས་ཀྱི་གོང་དུ “ཀརྨ་དགོན་གསར ”ཞེས་པ་དེ་ལྷ་ས་གྲོང་ཁྱེར་གྱི “ བཙོག་ཟིང་ཞན ”གསུམ་གྱི་ཚབ་བྱེད་ལྟ་བུ་ཡིན་ཞིང་། དེ་གར་རྨང་གཞིའི་སྒྲིག་བཀོད་ཧ་ལམ་མེད་པ་མ་ཟད། ཆར་པ་བབས་རྗེས་ལམ་བུའང་འདམ་རྫབ་དང་། གནམ་དྭངས་པའི་སྐབས་སུ་ཐལ་བས་ཁེངས་པ། མཚན་མོར་ནག་ཐིང་ཐིང་བཅས་ཡིན་སྟབས་གྲོང་མིའི་འཚོ་བའི་ཁོར་ཡུག་ཤིན་ཏུ་ཞན་པོ་ཡོད།

        ལོ་གཉིས་ཀྱི་གོང་དུ་ཀརྨ་དགོན་གསར་ཨུ་ལྷན་སྡེ་ཁུལ་དེ་མ་གཞི་ཚལ་ཞིང་ཡིན་མོད། འོན་ཀྱང་ཆུ་ཁུངས་དཀོན་པ་སོགས་ཀྱི་རྐྱེན་པས་ཞིང་པ་མང་པོས་ཚལ་ཞིང་ཐོག་སྟབས་བདེའི་ཁང་པ་སྟར་པ་རེ་རེ་བཞིན་བརྒྱབ་སྟེ་བོགས་གཏོང་བྱས་པས་མེ་སྐྱོན་ཐད་ཀྱི་མི་མངོན་པའི་གནོད་པ་ཆེན་པོ་ཡོད་པ་མ་ཟད་སྐྱིད་སྡོད་ལས་འཚེར་བ་ཚོའི “སྤྲོ་ཁང ”ལྟ་བུར་གྱུར་ཡོད།

        ད་ལོའི་ཟླ་ 8 ཚེས་ 13 ཉིན་གྱི་སྔ་དྲོར་གསར་འགོད་པས་ཀརྨ་དགོན་གསར་ཨུ་ལྷན་སྡེ་ཁུལ་དུ་སླར་ཡང་སྐྱོད་སྐབས་དེ་གའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཐོག་བརྩེགས་ཁང་ཆེན་སྟར་པ་གསར་པ་མང་པོ་ཀྲོང་ངེར་ལངས་པ་དང་། ཁུལ་ཆུང་རེ་རེའི་ནང་དུ་གད་སྙིགས་བླུགས་སྒམ་གྲལ་འགྲིག་པོའི་ངང་བཞག་པ། ཁྱིམ་དུད་རེ་རེའི་མདུན་དུ་མེ་ཏོག་རབ་ཏུ་བཞད་པའི་མེ་ཏོག་ཁོག་མ་བཞག་ཡོད་པ་སོགས་མཐོང་བྱུང་། “ རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་གྲོང་ཁྱེར་བཏོད་པ་བརྒྱུད་འཚོ་བའི་ཁོར་ཡུག་ཇེ་ཡག་ཏུ་འགྲོ་བཞིན་འདུག ”ཅེས་གསར་འགོད་པར་ཁུལ་ཆུང་ནང་གཙང་སྦྲ་བྱེད་བཞིན་ཡོད་པའི་གྲོང་མི་ཟླ་བ་རྒྱལ་མཚན་དང་ལྷག་པ་སྒྲོལ་མས་མགྲིན་གཅིག་ཏུ་བཤད།

        ཀརྨ་དགོན་གསར་སྡེ་ཁུལ་ནི་མང་ཆེ་བ་ཕྱིར་འོང་མི་འབོར་ལས་གྲུབ་པའི་རང་ཚུགས་ཁུལ་ཆུང་ཞིག་ཡིན་པ་དང་ཕྱིར་འོང་མི་འབོར་གྱིས་ཁུལ་ཆུང་ཧྲིལ་པོའི་མི་འབོར་གྱི་ 60 % བཟུང་པས་དོ་དམ་བྱེད་དཀའ་བའི་ཁར་ཁུལ་ཆུང་འཛུགས་སྐྲུན་ལ་འཆར་འགོད་མེད་སྟབས་ཡུན་རིང་ནང་དེ་གར་བཙོག་ཟིང་ཞན་གསུམ་གྱི་གནས་ཚུལ་ལྷག་མུས་ཡིན་ཞིང་། “ སྐབས་དེའི་གནས་ཚུལ་འོག་དཔལ་ཡོན་ལྡན་པའི་འཕྲོད་བསྟེན་ཁུལ་ཆུང་གཏོད་རྒྱུ་དེའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དེ་བརྗོད་མི་དགོས་པ་ཞིག་རེད ”ཅེས་ཀརྨ་དགོན་གསར་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་བཤད་པ་དང་ཁོང་གིས “ འོན་ཀྱང་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་གྲོང་ཁྱེར་གཏོད་རྒྱུ་དེ་ལྷ་ས་གྲོང་ཁྱེར་རིམ་པ་གོང་འོག་གི་གཅིག་མཐུན་གྱི་འཆར་གཞི་ཞིག་ཡིན་སྟབས་ལྷ་སས་དཔལ་ཡོན་ལྡན་པའི་གྲོང་ཁྱེར་གཏོད་པར་ང་ཚོས་རྐང་པ་འཐེན་ན་ག་ལ་འགྲིག ”ཅེས་བཤད།

        ཕུར་བུ་ཚེ་རིང་གིས་བཤད་པ་ལྟར་2006 ལོ་ནས་བཟུང་གྲོང་ལྷན་གྱི་ཏང་ཀྲི་པུའུ་ཡིས་མང་ཚོགས་སྣེ་ཁྲིད་དེ་སྤྱི་ཁྲི་གྲུ་བཞི་མ་ཁྲི་57 ལོན་པའི་ཀརྨ་དགོན་གསར་འདུས་ཁུལ་དེར་དཔལ་ཡོན་གྱི་སྲོལ་བཟང་གཏོད་འགོ་བཙུགས།

        བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་དེ་གྲོང་མི་ཚོས་ཡུན་རིང་བརྩོན་ལེན་བྱེད་པ་ཞིག་དང་ཤེས་དཔལ་ཆུ་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཨུ་ལྷན་ཏང་ཀྲི་པུའུ་ཡིས་གྲོང་མི་སྐོང་བསྡུ་ཐེངས་མང་གིས་ཚོགས་འདུ་འཚོགས་ནས་སྲིད་འཛིན་ཚོགས་ཆུང་ 14 ཡི་ཙུའུ་ཀྲང་བདམས་ཐོན་བྱས་པ་དང་འབྲེལ་འགན་འཁུར་བ་དང་པོ་གཏན་འཁེལ་ཡང་བྱས་ཏེ་བོགས་གཏོང་ཁང་པ་དོ་དམ་འགན་འཁྲིའི་ཡི་གེ་དང་བདེ་འཇགས་དོ་དམ་འགན་འཁྲིའི་ཡི་གེ་སོགས་བཞག་ནས་བདེ་འཇགས་དོ་དམ་གྱི་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་ཡོང་རྒྱུའི་འགན་ལེན་བྱེད་པ་དང་། ཁུལ་ཆུང་གི 《 ཤེས་དཔལ་སྤྱི་ཆིངས 》 བཟོས་ནས་གྲོང་མིའི་དུས་རྒྱུན་གྱི་འཚོ་བའི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་པ། མངགས་གཏོང་ཁང་གི་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པ་དང་མཉམ་དུ་བདེ་འཇགས་ཉེན་ཟོན་རུ་ཁག་བཙུགས་ནས་ཁུལ་ཆུང་གི་སྐོར་གཡེང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆུ་ཚོད་24 ཡི་སྣེ་ཁྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ་དང་བབ་བསྟུན་གྱི་གྲ་སྒྲིག་འཆར་གཞི་བཟོས་ནས་གློ་བུར་དུ་ཐོན་པའི་ཁུལ་ཆུང་གི་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་རེད། འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་ཀརྨ་དགོན་གསར་ཨུ་ལྷན་སྡེ་ཁུལ་ནང་གི་བདེ་འཇགས་གནས་ཚུལ་ཉིན་བཞིན་ལེགས་སུ་སོང་ནས་དེ་སྔོན་རྒྱུན་དུ་ཐོན་པའི་འཕྲོག་བཅོམ་གྱི་གྱོད་གཞི་དེ་དག་ད་ཆ་ཧ་ལམ་ཐོན་མྱོང་མེད་པས་ཁུལ་ཆུང་གི་བདེ་འཇགས་ཁོར་ཡུག་ལ་མང་ཚོགས་ཀྱིས་བློ་ཡིད་ཚིམ་ཚད་ 99 % ལོན་ཡོད།

        ཁུལ་ཆུང་གི་སྔོ་ཁེབས་བྱེད་ཚད་གོང་མཐོར་གཏོང་ཕྱིར་ཨུ་ལྷན་གྱི་ཏང་ཀྲི་པུའུ་ཡིས་ཕྱོགས་མང་ནས་མ་དངུལ་སྒོར་ཁྲི་20 ལྷག་ཙམ་གྲབས་གསོག་བྱས་ནས་ཁུལ་ཆུང་ནང “ཀུ་ཤུའི་སྡོང་པོའི་སྤྲོ་གསེང་གྲོང་ཚོ ”བསྐྲུན་པས་སྔོ་འགྱུར་བྱེད་ཚད་སྤྱི་ཁྲི་གྲུ་བཞི་མ་2000 ལྷག་ཙམ་ལོན་པ་དང་། ཡུལ་མིའི་སྣེ་ཁྲིད་དེ་ཆ་རྐྱེན་ཡོད་པའི་ལྡུམ་རའི་ནང་མེ་ཏོག་དང་སྤང་བཏབ་ནས་ལྡུམ་ཁུལ་མཛེས་སུ་བཏང་བ། ད་ལོ་ཁོ་ནར་གཞི་ཁྱོན་ཆེ་བའི་གད་སྙིགས་གཙང་བཤེར་ཐེངས་ 20 ལྷག་ཙམ་བྱས་པར་གད་སྙིགས་ཏུན་ 500 ལྷག་ཙམ་གཙང་བཤེར་བྱས་པ་དང་འབྲེལ་སྲང་ལམ་ཁག་ནང་གད་སྙིགས་བླུགས་སྒམ་བཟོས་པས་དུས་རྒྱུན་གྱི་འཚོ་བའི་གད་སྙིགས་དུས་ཐོག་ཏུ་ཐག་གཅོད་ཐུབ་རྒྱུར་འགན་ལེན་བྱུང་བ་རེད།

        བོགས་གཏོང་ཁང་པ་གང་བྱུང་དུ་བསྐྲུན་པ་དེ་ཀརྨ་དགོན་གསར་སྡེ་ཁུལ་ནང་གི་མི་མངོན་པའི་གནད་དོན་ལྷག་རྐྱེན་ཞིག་ཡིན། ད་ལོ་ཚུན་སྡེ་ཁུལ་ཨུ་ལྷན་གྱིས་སེམས་ཐག་གཙང་བཅད་ཀྱིས་བོགས་གཏོང་བྱ་ཡུལ་ལྔ་མེད་པ་བཟོས་པ་དང་སྟབས་བདེའི་ཁང་པ་ཁང་མིག་200 ལྷག་ཙམ་བཤིག་པ་དང་འབྲེལ་ཁྱིམ་དུད་ཚང་མར་མེ་གསོད་ཡོ་བྱད་སྒྲིག་སྦྱོར་བྱ་རྒྱུའི་རེ་བའང་བཏོན་པས་བདེ་འཇགས་ཐད་ཀྱི་མི་མངོན་པའི་གནོད་པ་དང་གཙང་སྦྲ་མེད་པའི་ཁུལ་མེད་པ་བཟོས་ནས་མང་ཚོགས་ལ་བློ་བདེ་བའི་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་རེད།

        ཡུལ་མི་ཚོར་རོལ་རྩེད་དང་སྤྲོ་གསེང་བྱ་ཡུལ་ཞིག་གཏོད་ཕྱིར་2007 ལོར་སྡེ་ཁུལ་དང་དམངས་སྲིད་སྡེ་ཚན་གྱིས་ཐུན་མོང་ཐོག་མ་དངུལ་སྒོར་ཁྲི་100 ལྷག་ཙམ་བཏོན་ནས་སྡེ་ཁུལ་ཞབས་ཞུའི་ས་ཚིགས་དང་རིག་རྩལ་རུ་ཁག་བཙུགས་པས་ཡུལ་མི་རྣམས་སྡེ་ཁུལ་ནས་འདོན་མི་དགོས་པར་གཞས་གཏོང་བ་དང་། ཞབས་བྲོ་འཁྲབ་པ། ལུས་སྦྱོང་བཅས་བྱེད་ཡུལ་ཡོད་ལ་དུས་ཆེན་དང་གུང་གསེང་གི་དུས་སུ་རྟག་ཏུ་འཁྲབ་སྟོན་གྱི་བྱེད་སྒོའང་སྤེལ་གྱི་ཡོད་སྟབས་ཡུལ་མི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཆེས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།