དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་ལས་བཟོ་ཚོས་རྒན་གསོ་ཁང་གི་རྒན་རྒོན་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཚོས་ང་ཚོའི་རྒན་གསོ་ཁང་དུ་ཡོང་ནས་འཚམས་འདྲི་བྱས་པ་མ་ཟད། ད་དུང་ང་ཚོར་འཚམས་འདྲིའི་དངོས་པོ་བསྐྱལ་བྱུང་བས་དངོས་གནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་རྒན་གསོ་ཁང་གི་ལོ་ན་70ལྷག་ཙམ་ལ་སླེབས་པའི་དབང་པོ་སྐྱོན་ཅན་ཡིན་པའི་ཨ་མ་རྒན་མོ་ཆོས་སྒྲོན་གྱིས་མཆི་ཞག་འཁོར་བཞིན་སེམས་འགུལ་ཐེབས་པའི་ངང་བཤད་པ་རེད།

        ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་ལས་བཟོ་20ལྷག་ཙམ་གྱིས་རང་འགུལ་ངང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་གྱི་རྒན་གསོ་ཁང་དུ་བསྐྱོད་དེ་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱས་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་བཟང་གིས “ང་ཚོ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་40ལྷག་ཙམ་གྱིས་རང་འགུལ་ངང་སྒོར་4000ལྷག་ཙམ་ཞལ་འདེབས་བརྒྱབ་ནས་བོད་སྨན་དང་མར་སོགས་འཚོ་བའི་མཁོ་ཆས་ཉོས་ཏེ་མི་ཧྲེང་རྒན་རྒོན་དེ་དག་ལ་འཚམས་འདྲི་བྱས་པ་དེ་ནི་ང་ཚོ་གུང་ཁྲན་ཏང་ཡོན་དང་ལས་བྱེད་པ་རྒན་གྲས་ཤིག་གིས་ཚེ་མཇུག་གི་ནུས་པ་འདོན་སྤེལ་བྱེད་པའི་འགན་འཁྲི་ཞིག་ཡིན། ཁོང་ཚོའི་སླད་ཕྱིན་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན ”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།