བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཆུ་ཤུར་རྫོང་གིས “གཤམ་སྤེལ་གསུམ་”གྱི་བྱེད་སྒོ་བརྒྱུད “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བརྗོད་བྱ་གཙོ་བོའི་སློབ་གསོ་གཏིང་ཟབ་གཏོང་རྒྱུར་སྐུལ་མ་བཏང་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
རྟ་དཀར་ཤང་དང་ཚྭ་རགས་ཤང་གི་བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་ཤིན་ཏུ་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་མང་ཚོགས་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད། 《མི་དམངས་ཀྱིས་བརྗེད་མི་སྲིད 》དང 《ང་ལ་ཁྱིམ་ཚང་ཞིག་བྱུང་ན་བསམ 》ཞེས་པ་སོགས་ཀྱི་གླུ་གཞས་ཀྱིས་རང་ལྗོངས་མི་དམངས་ཀྱིས་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུ་ལུགས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཡོམ་འགོག་གེགས་སེལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་ཡོད། 《ཨ་མ་གཅིག་གི་བུ་མོ 》དང 《ནམ་ལངས་འདུག 》ཅེས་པའི་གླུ་གཞས་ལས་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་རྒྱུ་བྱུང་བ་དང་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླའི་བསམ་འདུན་མཚོན་ཡོད། ཡུལ་དེའི་མང་ཚོགས་ཀྱིས་ཀྱང་རང་འགུལ་ངང་གར་སྟེགས་ཐོག་ཏུ་ངོ་མཚར་ཆེ་བའི་མི་རིགས་ཀྱི་ཞབས་བྲོ་ཡང་བརྒྱབ་པ་རེད།
དུས་མཚུངས་ཆུ་ཤུར་རྫོང་ཞིང་འབྲོག་ཅུས་དང་། སྲིད་ཁྲིམས་ཅུས། འཕྲོད་བསྟེན་ཅུས་བཅས་ཀྱི་ལས་དོན་མི་སྣས་རྒྱ་ཆེའི་མང་ཚོགས་ལ་ཚན་རིག་ཁྱབ་གདལ་གྱི་ཀློག་དེབ་དང་། བཅའ་ཁྲིམས་ཁྲིམས་སྲོལ། སྔོན་འགོག་དང་འཕྲོད་སྦྱོར་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་ཁྲི་ལ་ཉེ་བ་ཙམ་སྤྲད་པ་དང་བློ་འདྲི་བྱེད་པར་ཡོང་མཁན་མང་ཚོགས་རྫོགས་རྒྱུ་མེད་པ་རེད། རྫོང་ཞིང་འབྲོག་ཅུས་ཀྱིས་ད་དུང་རྒྱ་ཆེའི་མང་ཚོགས་ལ་སྒོར་3380རེ་བའི་ཞིང་སྨན་དང་། སྒོར་1213རི་བའི་རྒྱུན་གཏན་གྱི་ཕྱུགས་རིགས་སྨན་ཡང་སྤྲད་པ་རེད། རྫོང་འཕྲོད་བསྟེན་ཅུས་ཀྱིས་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་འོས་འགན་སྨན་བཅོས་བྱས་པ་མ་ཟད་སྒོར་8900རེ་བའི་རྒྱུན་མཁོའི་སྨན་རྫས་སྤྲད་པ་རེད།