རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཁང་གིས《སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》ལག་བསྟར་བྱ་རྒྱུའི་སྐོར་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག 》(གཤམ་དུ་བསྡུས་མིང་ལ 《སྲོལ་ཡིག 》ཟེར )དེ་2008ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པས 《སྲོལ་ཡིག 》ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་ལྗོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྤྱི་དམངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཐོབ་རྒྱུར་སྟབས་བདེ་ཡོང་ཆེད་ཉིན་ཤས་གོང་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཤའོ་ཁྲོན་ཅང་གིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་པ་རེད།
གསར་འགོད་པ། གང་ཞིག་ལ་སྲིད་གཞུང་གི་ཆ་འཕྲིན་དང་། གང་ཞིག་ལ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཟེར་རམ།
ཤའོ་ཁྲོན་ཅང་། སྲིད་གཞུང་གི་ཆ་འཕྲིན་ཟེར་བ་ནི་སྲིད་འཛིན་ལས་ཁུངས་ཀྱིས་འགན་ནུས་ལག་བསྟར་བྱེད་རིང་བཟོས་པ་ཞིག་གམ་ཐོབ་པ་ཞིག་ཡིན་ཞིང་། རྣམ་པ་ངེས་ཅན་གི་ཐོག་ནས་ཟིན་བྲིས་བཀོད་པ་དང་ཉར་ཚགས་བྱས་པའི་ཆ་འཕྲིན་ཞིག་ཡིན་པའི་ནང་ཡོངས་བསྒྲགས་བྱས་པའི་ཡིག་ཆ་དང་། གྲངས་གཞི དཔེ་རིས་དང་རིའུ་མིག སྒྲ་བཪྙན། བཪྙན་ཕབ་སྤྱིན་ཤོག་བཅས་དང་དེ་བཞིན་གློག་རྡུལ་ནང་ཉར་ཚགས་བྱས་པའི་དཔྱད་ཡིག་གཞན་དག་སོགས་འདྲེན་བྱེད་ལས་མཚོན་པའི་ནང་དོན་ཚུད་པར་ཟེར། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་ཟེར་བ་ནི་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་གཏན་འཁེལ་བའི་གོ་རིམ་དང་ཁྲིམས་གཏན་འཁེལ་བའི་རྣམ་པར་གཞིགས་ཏེ་སྤྱི་ཚོགས་ཀྱི་ཁོངས་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ལ་ཟེར་བ་དང་སྤྱི་ཚོགས་ཀྱི་ཁོངས་མིས་འདྲི་རྩད་བྱེད་པ་དང་། དཔེ་དེབ་ལྟ་བ། འདྲ་བཟོ། གནད་བཤུས། ཕབ་བཟོ་བཅས་ཀྱི་བྱ་ཐབས་ཐོག་ནས་བེད་སྤྱོད་གང་ལེགས་བྱེད་ཆོག་པར་ཟེར།
གསར་འགོད་པ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་དགོས་དོན་གང་ཡིན་ནམ། 《སྲོལ་ཡིག 》ལག་བསྟར་བྱེད་པར་དངོས་ཡོད་དོན་སྙིང་གང་དང་གང་ལྡན་ཡོད་དམ།
ཤའོ་ཁྲོན་ཅང་། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་བ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བ་དང་། དམངས་གཙོའི་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ལྡོག་མེད་ཀྱི་རེ་འདུན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་མཚོན་ཚུལ་ཞིག་ཡིན་པ། སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་སྤྱི་ཚོགས་སྐྲུན་པ་དང་རུལ་སུངས་སྔོན་འགོག་དང་ཆད་གཅོད་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བྱ་སྤྱོད་ཚད་ལྡན་དང་། འཁོར་སྐྱོད་མཐུན་སྦྱོར། གཞུང་དྲང་ཁ་གསལ། དྭངས་གཙང་ནུས་ཆེ་བཅས་ཀྱི་སྲིད་འཛིན་དོ་དམ་སྒྲིག་གཞི་ཆགས་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་བཅས་རེད། 2007ལོའི་ཟླ་4ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག 》དེ་འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དེས་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་ལྟར་སྲིད་གཞུང་གི་ཆ་འཕྲིན་ཐོབ་རྒྱུར་འགན་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་སྲིད་གཞུང་ལས་དོན་གྱི་གནས་ཚུལ་ཤེས་དབང་དང་། ཞུགས་པའི་དབང་ཆ། ལྟ་སྐུལ་བྱེད་དབང་བཅས་ཡོད་པ་བྱེད་པ། སྲིད་གཞུང་གི་ཆ་འཕྲིན་གྱིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། དཔལ་འབྱོར་དང་སྤྱི་ཚོགས་བཅས་ཀྱི་བྱེད་སྒོའི་ཞབས་ཞུའི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱེད་པ་བཅས་ལ་ཕན་ཐོག་ཡོད་པ་རེད།
གསར་འགོད་པ། 《སྲོལ་ཡིག 》གི་གཏན་འབེབས་ལྟར་ཚན་པ་གང་དང་གང་ཞིག་གིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག་གམ།
ཤའོ་ཁྲོན་ཅང་། 《སྲོལ་ཡིག 》ནང་གཏན་འབེབས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་གྲུབ་ཆ་གཙོ་བོ་རིགས་གསུམ་ཡོད་པའི་ནང་གཙོ་བོ་ནི་སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་ཆ་སྤྲོད་པ་དང་སྤྱི་པའི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་ཡོད་པའི་རྩ་འཛུགས་ཡིན་པ་རེད། གྲུབ་ཆ་གཙོ་བོ་དེ་གཉིས་ནི་སྲིད་གཞུང་གི་ཆ་འཕྲིན་སྤྱོད་མཁན་ཞིག་ཡིན་པ་དང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་འོས་འགན་འཁུར་མཁན་ཞིག་ཀྱང་ཡིན། གཞན་ཡང་སློབ་གསོ་དང་། ཆུ་མཁོ་འདོན། གློག་མཁོ་འདོན། སོལ་རླངས་མཁོ་འདོན། དྲོད་མཁོ་འདོན། ཁོར་ཡུག་སྲུང་སྐྱོང་། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་བཙའ། སྤྱི་པའི་འགྲིམ་འགྲུལ་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་པའི་ཁེ་ལས་དང་བྱ་གཞག་ཚན་པས་སྤྱི་ཚོགས་ལ་སྤྱི་པའི་ཞབས་འདེགས་ཞུ་བའི་ཁྲོད་སྤྱི་ཚོགས་ཀྱི་སྤྱི་པའི་ཆ་འཕྲིན་འབོར་ཆེན་ཞིག་བཟོས་པ་དང་ཐོབ་པ་དང་། 《སྲོལ་ཡིག 》ནང་དུའང་སྤྱི་པའི་ཁེ་ལས་དང་བྱ་གཞག་ཚན་པ་ཁག་དེ་དག་ཡོངས་བསྒྲགས་བྱེད་པའི་གྲུབ་ཆ་གཙོ་བོའི་ཁྱབ་ཁོངས་ནང་འཇོག་རྒྱུ་ཡིན་པ་རེད།
གསར་འགོད་པ། སྲིད་གཞུང་གི་ཆ་འཕྲིན་གང་དང་གང་ཞིག་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས་སམ། གང་དང་གང་ཞིག་ཡོངས་བསྒྲགས་བྱེད་མི་རུང་ངམ།
ཤའོ་ཁྲོན་ཅང་། 《སྲོལ་ཡིག 》ནང་སྲིད་གཞུང་གི་ཆ་འཕྲིན་རིགས་བཞི་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་པ་སྟེ། གཅིག་ནི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གཉིས་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་རྒྱ་ཁྱབ་ངང་ཤེས་པའམ་ཡང་ན་ཞུགས་དགོས་པ། གསུམ་ནི་སྲིད་འཛིན་ལས་ཁུངས་འདི་གར་བཙུགས་པ་དང་། འགན་འཁུར་བ། བྱ་བ་སྒྲུབ་པ་བཅས་ཀྱི་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་མཚོན་དགོས་པ། བཞི་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞན་དག་གཞིར་བཟུང་ཡོངས་བསྒྲགས་བྱེད་དགོས་པ་བཅས་ཡིན། 《སྲོལ་ཡིག 》ནང་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་གསང་བ། མི་སྒེར་གྱི་གསང་བ་བཅས་དང་འབྲེལ་བ་ཡོད་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་རུང་བའི་གཏན་འབེབས་བྱས་ཡོད་མོད། འོན་ཀྱང 《སྲོལ་ཡིག 》ནང་དབང་ཆ་ཡོད་མཁན་གྱིས་ཡོངས་བསྒྲགས་བྱ་རྒྱུར་མོས་མཐུན་བྱས་པའམ་ཡང་ན་སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་མ་བྱས་ཚེ་དེས་སྤྱི་པའི་ཁེ་ཕན་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པའི་ཚོང་ལས་གསང་བ་དང་མི་སྒེར་གྱི་གསང་བ་དང་འབྲེལ་བ་ཡོད་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག་པ་དུས་གཅིག་ཏུ་གཏན་འབེབས་བྱས་ཡོད།
གསར་འགོད་པ། སྤྱི་དམངས་ཀྱིས་གང་འདྲ་བྱས་ཏེ་རང་འགུལ་ངང་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཐོབ་པ་བྱེད་ཐུབ་བམ།
ཤའོ་ཁྲོན་ཅང་། 《སྲོལ་ཡིག 》ནང་སྲིད་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་རང་འགུལ་ངང་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་སྲིད་གཞུང་གི་སྤྱི་བསྒྲགས་དང་། སྲིད་གཞུང་གི་དྲ་ཚིགས། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་དེ་བཞིན་ཚགས་པར་དང་དུས་དེབ་དང་། རླུང་འཕྲིན། བཪྙན་འཕྲིན་སོགས་སྤྱི་དམངས་ཀྱིས་ཤེས་བདེ་བའི་བྱ་ཐབས་བརྒྱུད་ཡོངས་བསྒྲགས་བྱེད་དགོས། སྲིད་གཞུང་གི་དྲ་ཚིགས་དེ་སྲིད་གཞུང་གིས་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་སྟེགས་བུ་དང་པོར་བརྩིས་ནས་སྤྱི་དམངས་ཀྱིས་སྲིད་གཞུང་གི་དྲ་ཚིགས་ཐོག་ནས་སྲིད་གཞུང་གིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་དཀར་ཆག་ཀློག་བཤེར་བྱས་ནས་སྲིད་གཞུང་གི་རང་འགུལ་ངང་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཐོབ་པ་བྱེད་པ་དང་ཆབས་ཅིག་དཔེ་མཛོད་ཁང་དང་ཡིག་ཚགས་ཁང་དུ་བཙུགས་པའི་སྲིད་གཞུང་གི་ཆ་འཕྲིན་ཀློག་བཤེར་བྱེད་སར་སྐྱོད་དེ་སྲིད་གཞུང་གིས་རང་འགུལ་ངང་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཐོབ་པ་བྱེད་ཆོག བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གི་གཏན་འབེབས་གཞན་དག་ཕུད་སྲིད་གཞུང་གིས་རང་འགུལ་ངང་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་སྲིད་གཞུང་དེའི་ཆ་འཕྲིན་ཆགས་པའམ་ཡང་ན་འགྱུར་ལྡོག་བཏང་བའི་ཉིན་ནས་བཟུང་ཉིན་ 20 ཡི་ལས་ཀའི་ནང་ཚུན་དུ་ཡོངས་བསྒྲགས་བྱེད་དགོས།
དྲི་བ། སྤྱི་དམངས་རང་འགུལ་དང་ཡོངས་བསྒྲགས་ཀྱི་བྱ་ཐབས་བརྒྱུད་སྲིད་གཞུང་གི་ཆ་འཕྲིན་རག་པ་ཕུད་ད་དུང་བྱ་ཐབས་གང་ཞིག་གི་ཐོག་ནས་སྲིད་གཞུང་གི་ཆ་འཕྲིན་རག་ཐུབ་བམ།
ཤའོ་ཁྲོན་ཅང་། 《སྲོལ་ཡིག 》ནང་གཏན་ལ་ཕབ་པའི་ཁྲིམས་ལྟར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་ཞུ་བྱེད་པའི་ལམ་ལུགས་ལ་གཞིགས་ཏེ་སྤྱི་དམངས་དང་ཁྲིམས་མི་དང་ཡང་ན་རྩ་འཛུགས་གཞན་དག་གིས་ད་དུང་རང་ངོས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཚན་ཞིབ་སོགས་ཀྱི་དགོས་མཁོར་གཞིགས་ཏེ་ཡིག་ཐོག་གི་རྣམ་པ་སོགས་སྤྱད་པ་བརྒྱུད་ཁྲིམས་ལྟར་འབྲེལ་ཡོད་སྲིད་གཞུང་གི་ཆ་འཕྲིན་རག་རྒྱུའི་རེ་ཞུ་བྱས་ཆོག
གསར་འགོད་པ། 《སྲོལ་ཡིག 》ནང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་ལྟ་སྐུལ་དང་འགན་ལེན་བྱེད་པའི་ཐད་བྱ་ཐབས་གང་དག་སྤྱད་ཡོད་དམ།
ཤའོ་ཁྲོན་ཅང་། གཅིག་ནས་རིམ་ཁག་སྲིད་གཞུང་གིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་དཔྱད་ཞིབ་ལམ་ལུགས་དང་། སྤྱི་ཚོགས་དཔྱད་མོལ་ལམ་ལུགས། འགན་འཁྲི་བདའ་འདེད་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་དུས་བཀག་ངང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་དཔྱད་ཞིབ་དང་དཔྱད་མོལ་བྱེད་པ་དང་། གཉིས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་གཙོ་གཉེར་སྡེ་ཚན་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་འཛིན་ལས་ཁུངས་ལ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་ལག་བསྟར་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། གསུམ་ནས་རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱིས་དུས་བཀག་ངང་སྲིད་འཛིན་ལས་ཁུངས་དེ་གའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་པ། བཞི་ནས་སྤྱི་དམངས་དང་ཁྲིམས་མི་དང་ཡང་ན་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ལ་ཁྲིམས་ལྟར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་འགན་འཁྲི་མ་བསྒྲུབ་པའི་ངོས་འཛིན་བྱས་པར་གོང་རིམ་སྲིད་འཛིན་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་དང་ཡང་ན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གཙོ་གཉེར་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱས་ཆོག་པ་དང་། ཐེར་འདོན་གོང་ཞུ་འབྱོར་པའི་ལས་ཁུངས་ཀྱིས་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་པ། ལྔ་ནས་སྤྱི་དམངས་དང་ཁྲིམས་མི་དང་ཡང་ན་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ལ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཁྲོད་ཀྱི་ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་ཀྱིས་དེའི་ཁྲིམས་མཐུན་ཁེ་དབང་བཙན་བཟུང་བྱས་པར་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་བྱེད་པའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་ཆོག་པ་བཅས་རེད།
གསར་འགོད་པ། རང་ལྗོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་འཕེལ་ཚུལ་གང་འདྲ་ཡོད་དམ།
ཤའོ་ཁྲོན་ཅང་། 《སྲོལ་ཡིག 》ཡོངས་བསྒྲགས་བྱས་རྗེས་རང་སྐྱོང་ལྗོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དེ་གཙོ་གཉེར་སྡེ་ཚན་དུ་གཏན་ལ་ཕབ་སྟེ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་ཅིང་། མིག་སྔར་ལས་དོན་ཁག་གི་འཕེལ་ཚུལ་བདེ་བླག་ཡོད་པ་སྟེ། གཅིག་ནི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། རང་སྐྱོང་ལྗོངས་འགོ་ཁྲིད་བློ་མཐུན་གྱིས་རང་ལྗོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་དེ་ཞིབ་ཚགས་ལ་དོན་དངོས་དང་མཐུན་པ་ཞིག་བསྒྲུབ་རྒྱུའི་བླང་བྱ་བཏོན་པར་བརྟེན་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཀྱང་དུས་ཐོག་ཏུ་དེ་མཚུངས་ཀྱི་ལས་ཀའི་སྒྲིག་གཞི་བཙུགས་ཏེ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཁྱོན་ཡོངས་དང་། གོ་རིམ་ལྡན་པ། སྐྱོན་བྲལ་བཅས་ཡོང་ཕྱིར་རྨང་གཞི་བཏིང་བ་དང་། གཉིས་ནི་སེམས་ནུས་གཅིག་སྡུད་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཕྱོགས་སྟོན་དང་ཡོངས་བསྒྲགས་ཀྱི་དཀར་ཆག་བཟོས་ཤིང་། མིག་སྔར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཕྱོགས་སྟོན་དང་ཡོངས་བསྒྲགས་ཀྱི་དཀར་ཆག་ལེགས་གྲུབ་ཟིན་པ་དང་ཕྱོགས་མཚུངས་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲ་ཚུགས་ཐོག་གསར་གཏོད་བྱས་པའི་ཆེད་སྒྲིག་ལེ་ཚན་ནང་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་སྤྱི་དམངས་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲ་ཚུགས་ཐོག་རང་མཁོའི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་འཚོལ་ཆོག་པ་དང་དུས་མཚུངས་དྲ་ཚུགས་ཀྱིས་ད་དུང་ཁྲིམས་ལྟར་ཡོངས་བསྒྲགས་ཀྱི་གོ་རིམ་རེ་ཞུ་ཁྱབ་བསྒྲགས་བྱས་ཡོད་པ། གསུམ་ནི་དྲིལ་བསྒྲགས་དང་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ཞིང་། ང་ཚོས་ཐབས་ལམ་མང་པོ་བརྒྱུད་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས 《སྲོལ་ཡིག 》གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྤྱི་དམངས་ལ 《སྲོལ་ཡིག 》སློབ་སྦྱོང་དང་། ཤེས་པ། བེད་སྤྱོད་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་སྤེལ་བའི་རྣམ་པ་བཟང་པོ་ཞིག་གཏོད་པ་དང་དུས་མཚུངས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསོ་སྦྱོང་ལས་ཀ་ཧུར་ཐག་བྱས་པས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་ཀར་འཛིན་པའི་རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱི་ངོས་འཛིན་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། བཞི་ནི་སྲིད་གཞུང་གི་ཆ་འཕྲིན་འཚོལ་ས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲ་ཚུགས་ཀྱིས “སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཆེད་སྒྲིག་ལེ་ཚན ”གཏོད་ཡོད་པ་དང་རང་སྐྱོང་ལྗོངས་དཔེ་ཚོང་ཁང་གི་སྲིད་གཞུང་གི་ཆ་འཕྲིན་འཚོལ་སའི་འཛུགས་སྐྲུན་ཡང་འཆར་གཞིའི་ནང་བཀོད་ཟིན་པ། ལྔ་ནི་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཁག་ཡག་པོ་བྱས་ཤིང་། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ས་ཁུལ་དང་གྲོང་ཁྱེར་དང་སྡེ་ཚན་ཁག་གཅིག་ལ་འཐེན་བཤེར་བྱས་པ་དང་དོན་འཁྱོལ་བྱུང་མེད་པའི་ཚན་པར་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་པ་དང་ལྷུ་ཚིགས་ཞན་སར་ཡོ་བསྲང་དང་ལྷག་པའི་གནད་དོན་ལ་མཛུབ་ཁྲིད་ཀྱིས་ཐག་གཅོད་བྱས་པ་བཅས་རེད།
གསར་འགོད་པ། གོམ་སྟབས་རྗེས་མར 《སྲོལ་ཡིག 》ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་དམ།
ཤའོ་ཁྲོན་ཅང་། གོམ་སྟབས་རྗེས་མར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་བྱ་ཐབས་སྣ་མང་སྤྱད་དེ་རང་ལྗོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱ་རྒྱུ་སྟེ། གཅིག་ནི་ལས་ཀའི་ཟུངས་ནུས་ཁག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་ཕུགས་ནུས་ཐོན་པའི་ཟུངས་ནུས་ཧུར་ཐག་བསྐྲུན་རྒྱུ་དང་། གཉིས་ནི་བརྟག་སྤྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྤྱི་དམངས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ། གསུམ་ནི་སྲིད་གཞུང་གི་དྲ་ཚུགས་གིས་སྲིད་གཞུང་གི་ཆ་འཕྲིན་སྤེལ་བར་གཙང་བཤེར་ནན་ཏན་བྱེད་པ་དང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཆེད་སྒྲིག་ལེ་ཚན་འཛུགས་རྒྱུ་ལེགས་སུ་གཏོང་རྒྱུ། བཞི་ནི་ལྟ་སྐུལ་ཞིབ་བཤེར་ནན་ཏན་བྱས་ཏེ་ལྷག་པའི་གནད་དོན་དུས་ཐོག་ཏུ་ཤེས་པ་དང་ཐག་གཅོད་བྱ་རྒྱུ་དང་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་འདོན་རྒྱུ། ལྔ་ནི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསོ་སྦྱོང་མུ་མཐུད་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཆེད་ཤེས་ལྡན་མི་སྣ་འགན་ལེན་བྱ་རྒྱུ། དྲུག་ནི་སྲིད་གཞུང་གི་ཆ་འཕྲིན་ཡོ ངས་བསྒྲགས་ཐད་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འབྲེལ་ཡོད་སྤྱི་པའི་ཁེ་ལས་དང་བྱ་གཞག་ཚན་པའི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་བཅས་ཡིན་ཞེས་བཤད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣