བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྙེ་མོ་རྫོང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམས་བསྐོའི་ལས་ཀའི་ཁྲོད “ཐབས་ལམ་དྲུག ”བརྒྱུད་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། གཅིག་ནི་གཉེར་སྐྱོང་དང་དོ་དམ་མཁས་པའི་ཏང་ཡོན་དང་མང་ཚོགས་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་ནང་འཇུག་རྒྱུར་སྣང་ཆེན་བྱེད་པ་དང་། གཉིས་ནི་སློབ་གྲྭ་ཆེན་མོ་དང་ཆེད་ལས་སློབ་འབྲིང་གི་སློབ་ཐོན་སློབ་མ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོའི་ཀྲུའུ་རེན་ལས་རོགས་ལ་འདེམས་གཏོང་བྱེད་པ། གསུམ་ནི་གདན་ཞུ་བྱས་པའི་ལས་བྱེད་པ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་འདེམས་གཏོང་བྱས་ནས་ཚན་ཁག་གི་རིག་གནས་དང་ལོ་ནའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཚན་ཁག་གིས་ཁྱོན་ཡོངས་ཀྱི་ཁ་ལོ་བསྒྱུར་བ་དང་ལས་དོན་སྤེལ་བའི་ནུས་པ་ཆེ་རུ་གཏོང་བ། བཞི་ནི་ཤང་གི་ལས་བྱེད་པས་གྲོང་ཚོ་འགན་གཙང་དང་ཚོགས་ཆུང་འགན་གཙང་ལེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོ་དང་ཚོགས་ཆུང་གི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏོང་བ། ལྔ་ནི་ཏང་ཡོན་གྱིས་འོས་སྦྱོར་དང་མང་ཚོགས་ཀྱིས་འོས་སྦྱོར། ཤང (གྲོང་རྡལ )ཏང་ཨུད་ཀྱིས་གཏན་འཁེལ་བཅས་བྱེད་པའི “འོས་སྦྱོར་གཉིས་དང་གཏན་འཁེལ་གཅིག ”གི་བྱ་ཐབས་ཐོག་ནས “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མི་འདེམས་པ། དྲུག་ནི་ཕྱོགས་གཉིས་ནས་གསོ་སྦྱོང་བྱེད་པའི་མི་སྣ་དང་། ཚན་རྩལ་ཤེས་མཁན། དམག་ལོག་དམག་མི་བཅས་ཀྱི་ནང་ནས་གྲོང་ཚོ་རིམ་པའི་ལས་བྱེད་པའི་རྗེས་གྲབས་མི་སྣ་འོས་སྦྱོར་བྱེད་པ་བཅས་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐབས་ལམ་དྲུག་པོ་དེ་བརྒྱུད “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་བྱེད་པའི་བྱ་ཐབས་དེ་ནི་སྙེ་མོ་རྫོང་དུ་ལག་བསྟར་བྱས་ནས་ལོ་ཁ་ཤས་སོང་ཡོད། ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གི་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་ལོ་ནའི་གྲུབ་ཆ་དང་། ཕོ་མོའི་གྲུབ་ཆ། སྤྱི་ཡོངས་ཀྱི་བྱང་ཚད་བཅས་ལེགས་སུ་ངེས་ཅན་ཕྱིན་ཡོད་པ་དང་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ཐད་གྲུབ་འབྲས་ངེས་ཅན་ཐོབ་པས་སྙེ་མོ་རྫོང་གི་གྲོང་ཚོ་རིམ་པའི་འགོ་ཁྲིད་ཚན་ཁག་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ནུས་ལྡན་ངང་མཐོ་རུ་སོང་ཡོད་པ་རེད།