ཟླ་11ཚེས་25ཉིན་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དུ་གཟིགས་ཞིབ་གནང་བ་དང་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་སྒོ་བྱང་ཕྱེ་གནང་བ་མ་ཟད། བོད་ཀྱི་འགོ་ཁྲིད་ཪྙིང་པ་བློ་མཐུན་རེན་རུང་ལ་གཟིགས་པ་རེད།
ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དེ་ཝུའུ་ཧན་ཏུང་ཧུའུ་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་ཁུལ་དུ་གནས་ཡོད་པ་དང་2008ལོར་ཝུའུ་ཧན་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་2.2བཏང་ནས་བསྐྲུན་པའི་དེང་རབས་ཅན་གྱི་སློབ་གྲྭ་གསར་པ་ཞིག་ཡིན་པ་དེ་མིག་སྔའི་བར་རྒྱལ་ཡོངས་ཀྱི་ཁྲོད་ནས་ཆེ་ཤོས་དང་། མཛེས་ཤོས། ཆེས་དེང་རབས་ཅན་བཅས་ཀྱི་ནང་སའི་བོད་ལྗོངས་སློབ་འབྲིང་ཞིག་ཡིན།
རག་སྡིས་དང་བཅས་པས་ཐུགས་སྣང་གཤིན་པོས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་ཁང་ལ་གཟིགས་སྐོར་གནང་བ་དང་འབྲེལ་སློབ་མའི་ཞབས་ཞུའི་ལྟེ་གནས་དང་། སྦྲག་སྲིད་ཅུས། ཟ་ཁང་། སྐྲ་བཞར་ཁང་། སློབ་མའི་ཉལ་ཁང་། གློག་ཀླད་ཁང་སོགས་ལ་གཟིགས་ཞིབ་དང་དགེ་སློབ་400ལྷག་ཙམ་དང་བཞུགས་མོལ་གནང་བ་མ་ཟད། གཅེས་སེམས་ལྡན་པའི་ཁེ་ལས་མཁས་ཅན་གྱིས་བོད་རིགས་ཀྱི་སློབ་མ་དབུལ་པོར་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་པ་དང་སློབ་མས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ཤིང་། བཞུགས་མོལ་ཚོགས་འདུའི་ཐོག་རག་སྡིས་ཀྱིས་སྤྲོ་སེམས་འཁོལ་བའི་གསུང་བཤད་གནང་བ་རེད།
ཝུའུ་ཧན་བོད་ལྗོངས་སློབ་འབྲིང་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་རྗེས་ཁོང་གིས་ཐོག་མའི་བོད་ལྗོངས་འཛིན་གྲྭ་ཞིག་ནས་ད་ཆ་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་གི་འཛིན་གྲྭ་དགུ་ཡོད་པ་དང་། སློབ་མ་839ཡོད་པ། དགེ་རྒན་ལས་བཟོ་80 ཡོད་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་དང་རིགས་ཁག་གི་ཕུལ་བྱུང་དགེ་རྒན་མང་པོ་ཡོད་པ། ས་གནས་དང་དམག་དཔུང་ལ་བྱས་རྗེས་ཐེངས་མང་བཞག་ནས་བྱ་དགའ་ཐོབ་པ་དང་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་གཟོ་མཁན་ཕུལ་བྱུང་བོད་རིགས་དམག་དཔོན་བློ་མཐུན་འཇམ་དབྱངས་ཤེས་རབ་སོགས་ཚུད་པའི་ནང་སའི་ཕུལ་བྱུང་ཤེས་ལྡན་པ་3000ལྷག་ཙམ་གསོ་སྦྱོང་བྱས་པ། “ཝུའུ་ཧན་གྲོང་ཁྱེར་ཕྱོགས་བསྡུས་སློབ་གཉེར་ཆུ་ཚད་དཔེ་སྟོན་སློབ་གྲྭ ”དང “ཧུའུ་པེ་ཞིང་ཆེན་གྱི་དཔེ་སྟོན་མཐོ་རིམ་སློབ་འབྲིང ”བཅས་ལ་བདམས་པའི་ཧུའུ་པེ་ཞིང་ཆེན་གྱི་སློབ་འབྲིང་རྩེ་གྲ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་2007ལོ་ནས་བཟུང་མཐོ་རིམ་རྒྱུགས་ལེན་ནང་ལོ་དྲུག་བསྟུད་མར་བོད་རིགས་སློབ་མ་ཚང་མ་སློབ་ཆེན་དུ་ཚུད་པའི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་དང་བཀྲ་ཤིས་སྨོན་འདུན་ཞུ་དགོས་པ་ཞིག་རེད།
ལོ་ཉི་ཤུ་ལྷག་ཙམ་རིང་སློབ་གྲྭས་བོད་ལ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ་སློབ་གསོའི་ཐོག་ནས་བོད་སྐྱོར་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྲུང་སྐྱོང་། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་བྱ་གཞག་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
རག་སྡིས་ཀྱིས་གསུང་བཤད་གནང་སྐབས་ད་དུང་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་དགེ་རྒན་དང་ལས་བཟོ་ཡོངས་ལ་གུས་འདུད་ཞུས་པ་དང་སློབ་མ་དབུལ་པོར་ཐུགས་ཁུར་དང་རོགས་རམ་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་སེམས་བཟང་མི་སྣར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སློབ་མ་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་རེ་བ་ཟབ་མོ་བཏོན་གནང་བ་རེད།
དེ་རྗེས་རག་སྡིས་དང་བཅས་པ་ཝུའུ་ཧན་གྲོང་ཁྱེར་གྱི “བོད་ཀྱི་བག་ཆགས ”ཞེས་པའི་བོད་རྒྱ་རིག་གནས་སྤེལ་རེས་ལྟེ་གནས་སུ་ཕེབས་ཏེ་ཧུའུ་པེ་ཞིང་ཆེན་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་སྒོ་བྱང་ཕྱེ་ཞིང་། ཁོང་གིས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྲུན་བོད་སྐྱོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་འདེང་འཇོག་གང་ལེགས་གནང་བ་རེད།
ཕྱི་དྲོ་རག་སྡིས་ཀྱིས་ཝུའུ་ཁྲང་དུ་སྐུ་ངལ་གསོ་བཞིན་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཪྙིང་པ་དགུང་ལོ་96ལ་ཕེབས་པའི་བློ་མཐུན་རེན་རུང་ལ་གཟིགས་ཤིང་། ཞལ་གྱེས་སྐབས་རག་སྡིས་ཀྱིས་བློ་མཐུན་རེན་རུང་ལ “ཁྱེད་ནི་བོད་ཀྱི་ལས་བྱེད་པའི་འགོ་ཁྲིད་ཡག་པོ་དང་། རྒན་རབས་ཡག་པོ། དགེ་རྒན་ཡག་པོ་བཅས་ཡིན། བོད་དུ་སྙན་གྲགས་ཆེན་པོ་ལྡན་པས་ད་བར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གུས་བཀུར་དང་དགའ་གཅེས་ཐོབ་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཁྱེད་སེམས་ནང་བཅངས་ཡོད། ཁྱེད་སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན ”ཞེས་གསུངས་པ་དང་བློ་མཐུན་རེན་རུང་གིས་བློ་མཐུན་རག་སྡིས་སོགས་ཀྱིས་ང་ལ་བལྟ་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བོད་ཀྱི་མི་དམངས་ཀྱིས་ཐུགས་ཁུར་དང་དགའ་གཅེས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
རག་སྡིས་ཀྱིས་ད་དུང་ཝུའུ་ཧན་གྲོང་ཁྱེར་ཤར་ནུབ་མཚེའུ་ཆུས་མའེ་ལན་ཨའོ་ལིམ་ཕིག་ལྡུམ་རར་ཡོད་པའི་ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་སྐྱེ་ཁུངས་ཧུའུ་པེ་ནས་ཡིན་པའི་ལས་བྱེད་ལས་བཟོའི་སྡོད་གནས་སུ་ཕེབས་ཏེ་བོད་དུ་ཡོད་པའི་ལས་བྱེད་པའི་ནང་མིར་བྱམས་བརྩེའི་ངང་གཟིགས་པ་རེད།