དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ལྕགས་ལམ་པུའི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྕགས་ལམ་པུའི་པུའུ་ཀྲང་ཧྲེང་ཀོང་ཙུའུ་དང་པུའུ་ཀྲང་གཞོན་པ་ཧུའུ་ཡ་ཏུང་དང་། ལུའུ་ཏུང་ཕུའུ། ལུའུ་ཁྲུན་ཕང་བཅས་དང་བཞུགས་མོལ་གནང་བ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་ལྕགས་ལམ་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ཉེ་བའི་ལོ་ཤས་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་བཏིང་བའི་ལས་དོན་གྱི་རྨང་གཞི་བཟང་པོའི་ཐོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་སྟབས་ལྗོངས་ཡོངས་སུ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གིས་ལྷད་མེད་རོགས་སྐྱོར་བྱས་པ་བཅས་ལས་བྱུང་བ་ཞིག་རེད་ལ་དུས་མཚུངས་ལྕགས་ལམ་པུའུ་སོགས་ཚུད་པའི་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ལས་བྱུང་བ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ཉེ་བའི་ལོའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ལྕགས་ལམ་པུའི་རྒྱབ་སྐྱོར་ཤུགས་ཆེའི་འོག་བོད་ཀྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། ལྕགས་ལམ་པུས་བོད་ཀྱི་ལྕགས་ལམ་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་སྔ་སྣུར་དུ་ལས་མཇུག་འགྲིལ་ནས་ཤར་གཏོང་ཐུབ་རྒྱུ་བརྩོན་ལེན་བྱེད་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྔ་ཙམ་སྐྲུན་འགོ་འཛུགས་པ། བོད་དུ་གཤེར་འགྱུར་རང་བྱུང་སོལ་རླངས་ལྕགས་ལམ་བརྒྱུད་སྐྱེལ་འདྲེན་བྱེད་པའི་གནད་དོན་གང་མགྱོགས་ཐག་གཅོད་གནང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་དང་། རང་སྐྱོང་ལྗོངས་ཀྱིས་ཞབས་ཞུའི་འགན་ལེན་ལས་ཀ་སྔར་ལས་ལྷག་པ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ཁོར་ཡུག་བཟང་པོ་སྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཧྲེང་ཀོང་ཙུའུ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ལྕགས་ལམ་འཛུགས་སྐྲུན་དང་འཁོར་སྐྱོད་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ལྕགས་ལམ་པུས་ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བོད་ཀྱི་ལྕགས་ལམ་བྱ་གཞག་གི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་ལྷ་གཞིས་ལྕགས་ལམ་སྔ་ཙམ་འཁོར་སྐྱོད་བྱེད་རྒྱུར་བརྩོན་ལེན་དང་། ལྷ་ཉིང་ལྕགས་ལམ་གྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། མཚོ་བོད་ལྕགས་ལམ་འཁོར་སྐྱོད་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལུགས་མཐུན་ངང་འདྲེན་ཤུགས་སྒྲིག་སྦྱོར་བྱས་ཏེ་མེ་འཁོར་གཏོང་ཚད་མང་དུ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགྲུལ་པའི་ཕྱོགས་ཐོན་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྕགས་ལམ་བརྒྱུད་གཤེར་འགྱུར་རང་བྱུང་སོལ་རླངས་སྔ་ཙམ་སྐྱེལ་འདྲེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།