ཚེས་21ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་སྤྱི་བདེ་པུའུ་མེ་གསོད་མེ་ཟོན་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་ཡང་ཅན་མིན་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་མཇལ་འཛོམས་ནང་ལྷན་དུ་ཕེབས་ཡོད།
དང་ཐོག་ཧའོ་ཕུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་གནང་ནས་ཡང་ཅན་མིན་དང་བཅས་པ་བོད་དུ་རང་ལྗོངས་ཀྱི་མེ་གསོད་མེ་ཟོན་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་འབྲེལ་སྤྱི་བདེ་པུའུ་མེ་གསོད་མེ་ཟོན་ཅུས་ཀྱིས་བོད་ཀྱི་ལས་དོན་ལ་ལོ་མང་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཡུན་རིང་ནང་བོད་ཀྱི་སྤྱི་བདེ་མེ་གསོད་མེ་ཟོན་དཔུང་སྡེས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་ལ་དམ་པོར་དམིགས་ཏེ་འགན་འཁྲི་བློ་ལ་བཅངས་པ་དང་། རང་འཁྲིའི་ལས་འགན་སྒྲུབ་པ། ལས་འགན་གལ་ཆེན་ཁུར་བ། མདུན་མཆོང་ཕོད་པ་བཅས་བྱས་ཐོག་འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་པ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་འགན་ལེན་ཧུར་ཐག་བྱས་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ། སྤྱི་ཚོགས་ཞི་མཐུན་གྱི་བླ་ན་མེད་པའི་ལས་འགན་སྒྲུབ་རྒྱུར་སྐུལ་མ་བཏང་བ་བཅས་ཀྱི་ཐོག་ནས་མེ་འགོག་མེ་གསོད་དང་། བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉེན་སྐྱོབ་རོགས་སྐྱོར་གྱི “ལས་སྒྲུབ་ཆེ་ཁག་གསུམ ”བཅས་མངོན་གསལ་དོད་པོར་བཞག་སྟེ་དམ་འཛིན་བྱས་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ནུས་ལྡན་བྱུང་བ་དང་། སྤྱི་ཚོགས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་དམིགས་བསལ་དང་གལ་ཆེའི་ནུས་པ་འདོན་སྤེལ་ཐུབ་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། བོད་ལྗོངས་སྤྱི་བདེ་མེ་གསོད་མེ་ཟོན་དཔུང་སྡེ་ནི་འགག་རྩའི་སྐབས་ཐོན་ཐུབ་པ་དང་། མཆོང་ཕོད་པ། རྒྱལ་ཁ་ལེན་ཐུབ་པ་བཅས་དང་ཏང་ཨུད་དང་སྲིད་གཞུང་གིས་བློས་འགེལ་ཆོག་པ་དང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།
ཧའོ་ཕུང་གིས་སྤྱི་བདེ་པུའུ་མེ་གསོད་མེ་ཟོན་ཅུས་ཀྱིས་རང་ལྗོངས་ཀྱི་མེ་གསོད་མེ་ཟོན་ལས་དོན་དང་མེ་གསོད་མེ་ཟོན་དཔུང་སྡེ་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་ཀྱི་མེ་གསོད་མེ་ཟོན་དཔུང་སྡེར་ནུས་པ་སྔར་ལས་ལྷག་པ་འདོན་དུ་བཅུག་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ལྡན་གྱི་མེ་གསོད་མེ་ཟོན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཡང་ཅན་མིན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་སྤྱི་བདེ་མེ་གསོད་མེ་ཟོན་དཔུང་སྡེར་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་སྤྱི་བདེ་པུའུ་མེ་གསོད་མེ་ཟོན་ཅུས་ཀྱིས་བོད་ཀྱི་སྤྱི་བདེའི་མེ་གསོད་མེ་ཟོན་དཔུང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དཔུང་སྡེའི་མེ་ཟོན་གྱི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་སྟེ་བོད་ལྗོངས་སྤྱི་བདེ་མེ་གསོད་མེ་ཟོན་དཔུང་སྡེས་མེ་ཟོན་མེ་གསོད་དང་ཉེན་སྐྱོབ་རོགས་སྐྱོབ་ཀྱི་ལས་འགན་ཁག་སྔར་བས་འཁུར་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གང་ནུས་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད།