དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་བོད་ལྗོངས་ཡིག་ཚགས་ཁང་དུ་བརྟག་ཞིབ་གནང་བ་མ་ཟད་ལས་རེས་སྒྲུབ་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་18ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཕེབས་ཏེ་ལས་བྱེད་ལས་བཟོ་དང་ལས་རེས་སྒྲུབ་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཡིག་ཚགས་ཁང་གི་འབྲེལ་ཡོད་ལས་དོན་ཐད་བརྟག་ཞིབ་ཀྱང་གནང་བ་རེད། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིང་ཡོན་ཀུའོ་དབྱི་ལི་དང་། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་རུའེ་ལེན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།

        ཝུའུ་དབྱིང་ཅེས་ལས་སྒྲུབ་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོར་ལས་གནས་བརྟན་སྲུང་བྱས་ནས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཆེད་དཀའ་སྤྱད་འབད་བརྩོན་བྱེད་མཁན་དཔུང་སྡེའི་དཔོན་དམག་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་དེང་སྐབས་བོད་ལ་འཕྲད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡིན་པ་དང་། རྒྱ་ཆེའི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་རང་རེའི་དམག་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དཔའ་མཛངས་འཐབ་མཁས་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གྱིས “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི ”སྙིང་སྟོབས་རྒྱུན་ཆད་མེད་པར་དར་སྤེལ་ཤུགས་ཆེན་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་སྔར་བས་གསལ་རྟོགས་ཐུབ་པ་དང་། ཡང་འབད་བསྐྱར་འབད་དང་། དཀའ་སྤྱད་འབད་བརྩོན། ལས་གནས་བརྟན་སྲུང་། ལས་གནས་སྲུང་རྒྱུར་བློ་དཀར་བ། ཏང་དང་མི་དམངས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་ཡག་པོར་སྒྲུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུགས་བློ་བདེ་བ་དང་། རྒྱལ་ཡོངས་མི་དམངས་ཡིད་ཚིམས་པ། བོད་འདི་ཉིད་སྔར་བས་དར་རྒྱས་སྟོབས་འབྱོར་ལྡན་པ་དང་མི་དམངས་སྔར་བས་བདེ་སྐྱིད་ཁམས་བདེ་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།

        ཝུའུ་དབྱིང་ཅེ་དང་བཅས་པས་ཡིག་ཚགས་ཁང་གི་འགྲེམས་ཁང་དང་། ཡིག་ཚགས་མཛོད་ཁང་། ཡིག་ཚགས་བསྐྱར་གསོ་ལས་དོན་ཁང་སོགས་སུ་ཕེབས་ནས 《ལོ་རྒྱུས་ཀྱི་བསྡུས་གཟུགས་དང་ཆོད་སྡོམ 》དང 《ཡིག་ཚགས་ཁང་དུ་ཉར་བའི་ལོ་རྒྱུས་ཡིག་ཚགས་གཅེས་བསྡུས 》ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ཡིག་ཚགས་ཁང་གི་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཡིག་ཚགས་ཁང་གི་ལོ་རྒྱུས་ཡིག་ཚགས་ཀྱི་སྲུང་སྐྱོང་དོ་དམ་མཛོད་ཁང་དང་དེ་བཞིན་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་བསྐྱར་གསོ་མྱུར་སྐྱོབ་ལས་དོན་ཐད་ཡུལ་དངོས་སུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཝུའུ་དབྱིང་ཅེས་ལོ་མང་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་སྡེ་ཚན་དང་རྒྱ་ཆེའི་ཡིག་ཚགས་ལས་དོན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ལས་ཀར་ལེགས་བཅོས་རྒྱུན་ཆད་མེད་པར་བྱེད་པ། སྐད་གྲགས་མེད་པར་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་རང་ལྗོངས་ཀྱི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས་རང་ལྗོངས་ཀྱི་ཡིག་ཚགས་ཐོན་ཁུངས་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། ཡིག་ཚགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་ཡོད་པ། ཡིག་ཚགས་ལས་དོན་གྱི་བྱེད་ཐབས་ལ་ལེགས་བཅོས་གསར་པ་ཡོད་པ། ཡིག་ཚགས་སྲུང་སྐྱོང་ཆུ་ཚད་མཐོ་རུ་སོང་བ་བཅས་བྱས་ཡོད་ཅིང་། ཁྱེད་རྣམ་པས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཟབ་མོ་སྲུང་སྐྱོང་བྱ་ཆེད་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཀྱིས་ཚང་མར་སེམས་འགུལ་ཐེབས་ཡོད་ཅེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་སྡེ་ཚན་ལ་ངེས་པར་དུ་ཏང་དང་། རྒྱལ་ཁབ། མི་དམངས། མི་རིགས། ལོ་རྒྱུས་བཅས་ལ་འགན་འཁུར་བའི་མཐོ་ཚད་ནས་དུས་བབ་གསར་པའི་འོག་གི་ཡིག་ཚགས་ལས་དོན་ཡག་པོར་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཡིག་ཚགས་ལས་དོན་གྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དེང་རབས་ལག་རྩལ་བེད་སྤྱོད་གང་ལེགས་བཏང་ནས་ཡིག་ཚགས་དཔྱད་ཡིག་མྱུར་སྐྱོབ་དང་བསྐྱར་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་སྣ་མང་ལ་བརྟེན་ནས་ཡིག་ཚགས་ཐོན་ཁུངས་བསྡུ་རུབ་དང་འཚོལ་སྡུད་བྱེད་ཤུགས་ཆེ་རུ་བཏང་ནས་ཉར་ཚགས་དཔྱད་ཡིག་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲུབ་ཆ་ལེགས་སུ་གཏོང་བ་བཅས་ཤུགས་ཆེན་བྱེད་པ། ཡིག་ཚགས་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་འཕེལ་རིམ་མགྱོགས་སུ་གཏོང་བ། ཡིག་ཚགས་ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱ་དགོས། ཡིག་ཚགས་ཁང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་དེ་ཉིད་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པོའི་དཔྱད་ཡིག་མཛོད་དང་། རླབས་ཆེན་མེས་རྒྱལ་གཅིག་གྱུར་གྱི་དཔང་པོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཤམས་སྟོན་ཁང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་བཅས་སུ་འགྱུར་བར་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།