དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་7ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་ཉེ་ཆར་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཚུལ་སྙན་སེང་གསན་པ་དང་འབྲེལ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀར་བསྐྱར་དུ་བཀོད་སྒྲིག་ཁྱོན་ཡོངས་ནས་ཞིབ་ཅིང་ཕྲ་བ་གནང་ཞིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱིས་གཏན་ལ་ཕབ་པའི་བཀོད་སྒྲིག་ལ་ནན་པོར་གཞིགས་པ། ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་གི་འགག་སྒྲོལ་དམག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་ཀྱི་སྒོ་ནས་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཕེབས་ཡོད།

        ཕྱོགས་ཁག་གི་སྙན་སེང་གསན་རྗེས་ཝུའུ་དབྱིང་ཅེས་ཉེ་བའི་དུས་ཚོད་ནང་འབྲེལ་ཡོད་ཚན་པ་དང་། ཕྱོགས་ཁག་གི་ལས་འགན་སྒྲུབ་མཁན་དཔུང་སྡེ། སྲིད་ཁྲིམས་ལས་ཁུངས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཚན་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་ཀ་ཡག་པོ་བྱེད་དགོས་པའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གི་གསུང་བཤད་རབ་དང་རིམ་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བློ་ཁོག་ཆེན་པོས་སྒྲུབ་པ། རང་འགན་གཙང་སྒྲུབ་དང་། ཕན་ཚུན་མཉམ་རོགས་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་ཐུབ་ནས་བརྟན་ལྷིང་ལ་སྐུལ་མ་ཐེབས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་གསུངས།

        རང་ལྗོངས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ཐད་ལ་ཝུའུ་དབྱིང་ཅེས་དམག་ཉེན་དམངས་གསུམ་གྱིས་མཉམ་འགོག་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དབར་འབྲེལ་ལམ་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲེལ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པ་དང་། ལམ་སྲུང་མཉམ་འགོག་གི་སྐོར་གཡེང་བྱེད་ཚད་ཆེ་རུ་གཏོང་བ་དང་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཉིན་མཚན་གང་དུའང་ལྷོད་གཡེང་མི་གཏོང་བའི་ཐོག་ནས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། གཙོ་གནད་གྲོང་ཁྱེར་གྲོང་རྡལ་དང་། གཙོ་གནད་རྫོང་དང་ཤང་། དགོན་སྡེ་གཙོ་བོ། འགག་རྩའི་གནད། མི་སྣ་གཙོ་བོ། ཁྱབ་ཁོངས་གཙོ་གནད་བཅས་ལ་ཁྱོན་ཡོངས་ནས་སོ་ལྟ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དོགས་ཟོན་ཆེར་བསྐྱེད་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བའི་སྒོ་ནས་གནད་དོན་སྔ་ཙམ་ཤེས་པ་དང་། སྔ་ཙམ་ཚོད་འཛིན་ཐུབ་པ། ཐག་གཅོད་སྔ་ཙམ་ཐུབ་པ་བཅས་བྱེད་དགོས་པ། ལྷ་ས་གྲོང་ཁྱེར་ལྟེ་བར་བྱས་ཏེ་ཆབ་མདོ་དང་། ནག་ཆུ། གཞིས་རྩེ་སོགས་ས་ཁུལ་དྲུག་གི་བརྟན་ལྷིང་ཚོད་འཛིན་གྱི་བྱ་ཐབས་སྒོ་ཀུན་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་གཙོ་གནད་ས་ཁུལ་དུ་ས་ཁོངས་གཙོ་གནད་དང་དམིགས་འབེན་གཙོ་གནད་དུ་དབྱེ་ནས་སྔོན་འགོག་གཙོ་བོར་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་སྟོབས་གསར་དམག་དཔུང་གི་ནུས་པ་སྔར་བས་འདོན་དུ་བཅུག་ནས་ཚང་མ་ལས་གནས་ཐོག་ཡོད་པ་དང་། ལས་བཟོ་ཡོངས་ལས་གནས་ཐོག་སླེབས་པ། ཉམས་མྱོང་ཡོད་པའི་བློ་མཐུན་རྒན་གྲས་འགའ་བདམས་ཏེ་འཐབ་ས་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་ནང་དུ་ཞུགས་པ་དང་མཛུབ་སྟོན་བྱེད་དུ་བཅུག་ནས་གྲལ་བཤེར་དང་གཙང་སེལ་བྱ་རྒྱུར་ཤུགས་བརྒྱབ་སྟེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་གི་སྒྲིག་ལམ་དང་རྣམ་པ་རྒྱུན་འཛིན་ཐུབ་པ་བྱེད་དགོས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུར་བསུ་བ་ཞུ་བའི་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་བསྐྱོད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་སྲིད་ཇུས་བྱ་ཐབས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པར་དོ་ཁུར་བྱེད་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པ། ཐུན་མོང་ཐོག་ཚོགས་ཆེན་བཅོ་བརྒྱད་པར་རྟེན་འབྲེལ་ཞུ་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་ལེགས་པར་མཚོན་པར་བྱས་ནས་བཀྲ་ཤིས་རྟེན་འབྲེལ་དང་། མཐུན་སྒྲིལ་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།