ཟླ་10ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་འགོ་ཁྲིད་ཀྱིས་ཡིག་འབུལ་ངོ་བཅར་གྱི་གནས་ཚུལ་ཁག་འགན་གཙང་ལེན་ནས་འགལ་བ་སེལ་བའི་ལས་དོན་གྱི་སྒྲུབ་ཚུལ་དང་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་གཏོང་ཚུལ་སྐོར་གྱི་སྙན་ཞུ་གསན་སྐབས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཡིག་འབུལ་ངོ་བཅར་ལས་དོན་ཏན་ཏིག་བསྒྲུབ་པ་དང་། ཡང་འབད་བསྐྱར་འབད་ཀྱིས་ལྷ་ས་གྲོང་ཨུད་ཀྱི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལྟར་སློབ་གསོའི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འགོ་ཁྲིད་ཀྱིས་ཡིག་འབུལ་ངོ་བཅར་གྱི་གནས་ཚུལ་ཁག་འགན་གཙང་ལེན་ནས་འགལ་བ་སེལ་བའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་གསན་རྗེས་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་ཡིག་འབུལ་ངོ་བཅར་ཁོངས་གཏོགས་ཀྱིས “ལྷ་སའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དེ ”ཡིག་འབུལ་ངོ་བཅར་ལས་དོན་གྱི་གཞི་རྩའི་འགོ་འཛུགས་སར་བརྩིས་ཏེ་རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་གཅིག་གྱུར་འཆར་འགོད་བྱས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་གསར་དུ་ཐོན་པའི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཚད་ཤུགས་ཆེར་བཏང་ནས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཞུ་གཏུག་དེ་མ་ཉིད་དུ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
སྙན་ཞུ་གསན་རྗེས་ཆེ་དགྲ་ལྷས་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་ནི་2012ལོའི་གྲོང་ཨུད་ཀྱི་ཡིག་ཨང་དང་པོའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པའི་དམངས་འཚོ་དང་འབྲེལ་བ་ཟབ་མོ་ཡོད་པའི་དོན་ཆེན་ཞིག་ཡིན་པ་དང་ཞི་མཐུན་སྤྱི་ཚོགས་གཏོད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་ནང་སློབ་གསོ་གླིང་འཛུགས་སྐྱོང་བྱེད་པ་དེ་ལྷ་སས་ལྗོངས་ཡོངས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་སྔོན་གཏན་འཁེལ་བའི་འཆར་འགོད་ལྟར་འབྲེལ་མཐུད་དང་གཞོགས་འདེགས་བྱ་ཤུགས་ཆེ་རུ་བཏང་ནས་སློབ་གསོ་གླིང་གི་འཛུགས་སྐྱོང་དང་སློབ་གསོའི་སྒྱུར་བཅོས་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་རྣམ་གྲངས་ཀྱི་མ་དངུལ་དང་ས་ཆ་བསྡུ་སྤྱོད་བྱེད་པའི་གནད་དོན་དམ་འཛིན་གྱིས་ཐག་གཅོད་བྱས་ཏེ་སླད་ཕྱིན་ལས་དོན་སྤེལ་རྒྱུར་འགན་ལེན་བརྟན་པོ་ཞིག་བྱས་ཐོག་རྣམ་གྲངས་དུས་ཐོག་ཏུ་ལེགས་གྲུབ་ཡོང་རྒྱུར་འགན་ལེན་ཡང་བྱེད་དགོས་ཞེས་གསུངས་པ་རེད།