ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་ལྗོངས་སུ་རྟོག་ཞིབ་ཏུ་ཕེབས་མཁན་ཧྲེན་ཧྭ་ཚོགས་པ་ཀུང་སིའི་ཏང་ཙུའི་ཁོངས་མི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། ཀྲུང་གོ་ཧྲེན་ཧྭ་ནུས་རྒྱུ་ཀུང་སིའི་ཙུང་ཚའེ་བཅས་ཡིན་པའི་ལིང་དབུན་བཅས་པ་དང་མཇལ་འཛོམས་གནང་བ་རེད།
དང་ཐོག་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་ལིང་དབུན་དང་བཅས་པར་དགའ་བསུ་ཞུས་ཏེ་ཧྲེན་ཧྭ་ཚོགས་པ་ཚུད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་ཡུན་རིང་ནང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་སྒེར་སེམས་མེད་པར་རོགས་སྐྱོར་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་ཐད་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ཡང་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་2002ལོའི་ཟླ་བ་8པར་ཧྲེན་ཧྭ་ཚོགས་པས་བོད་ལ་རོགས་སྐྱོར་བྱས་ཚུན་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ཁ་གཏད་བོད་སྐྱོར་ལས་དོན་རུ་ཁག་ཁག་བཞི་སྔ་རྗེས་སུ་བཏང་ཐོག་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ནས་བོད་སྐྱོར་རྣམ་གྲངས་101ལག་བསྟར་བྱས་ཏེ་སྙན་རོང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད། འདི་ལོ་ཧྲེན་ཧྭ་ཚོགས་པས་བོད་སྐྱོར་ཀྲུང་དབྱང་ཁེ་ལས་17ནང་ནས་བོད་སྐྱོར་གྱི “བརྒྱ་ཟུར་འདུ་འགོད ”སྔོན་ལ་སྤེལ་འགོ་བཙུགས་པ་སྟེ། བོད་ས་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་མཁན་བྱིས་པ་100ལ་རོགས་སྐྱོབ་བྱེད་པ་དང་བོད་ནས་ཡིན་པའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་100ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཡོད་པས་ཧྲེན་ཧྭ་ཚོགས་པས་སླད་ཕྱིན་བོད་སྐྱོར་ལ་གཏོང་ཆ་མང་དུ་བཏང་སྟེ་རང་ངོས་ཀྱི་ཁྱད་ཆོས་འདོན་སྤེལ་གྱིས “ཁྲག་འདྲེན་པ ”ནས “ཁྲག་གསོའི ”བར་འཕོ་འགྱུར་ཡོང་བ་བྱས་ཏེ་བོད་སྐྱོར་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ལ་དེ་བས་ཕན་འབྲས་ཐོན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་ནས་ཕྱོགས་གཉིས་པོའི་དབར་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱས་ཏེ་བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཆེད་བྱས་རྗེས་གསར་པ་སླར་ཡང་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལིང་དབུན་གྱིས་ཧྲེན་ཧྭ་ཚོགས་པས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སླད་ཕྱིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། བྱ་ཐབས་བསྒྱུར་བ་བཅས་བྱས་ནས “བརྒྱ་གཉིས་འདུ་འགོད ”མུ་མཐུད་ཡག་པོ་སྤེལ་ཏེ་ཁ་གཏད་བོད་སྐྱོར་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།