ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་150པ་གཙོ་སྐྱོང་དང་སྐོང་ཚོགས་གནང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་རྣམ་གྲངས་ཀྱི་གྲོས་འགོ་བསྡུ་ལེན་བྱ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་སྐོར་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ས་ཁུལ་ཁག་དང་། ལྷ་ས་གྲོང་ཁྱེར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག མི་དམངས་ཚོགས་པ། བྱ་གཞག་ཚན་པ་བཅས་ཁྱོན་ཚན་པ་དང་ལས་ཁུངས་82ནས་ཁྲིམས་འཛུགས་རྣམ་གྲངས་ཀྱི་གྲོས་འགོ་བསྡུ་ལེན་བྱས་ཤིང་། ཟླ་བ་དགུ་པའི་ཟླ་མཇུག་བར་ཚན་པ་ཁག་དང་། ལས་ཁུངས་ཁག མི་སྒེར་བཅས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་རྣམ་གྲངས་ཀྱི་གྲོས་འགོ་69བཏོན་ཡོད་པའི་ངོས་འཛིན་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་ཚོགས་འདུའི་བསམ་འཆར་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་གྲོས་འགོར་གང་མགྱོགས་ཞིབ་འཇུག་གིས་གཏན་འཁེལ་བྱས་ནས་སྐབས་རྗེས་མའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཕྱིར་རྨང་གཞི་འདིང་དགོས་པའི་བླང་བྱའང་བཏོན་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པས་ཚོགས་ཆེན་བཅོ་བརྒྱད་པའི་སྔ་རྗེས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔ་རྗེས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རིམ་ཁག་འགོ་ཁྲིད་བློ་མཐུན་དང་དེ་བཞིན་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས། ཉམས་ཉེན་གྱི་འདུ་ཤེས་བཅས་བརྟན་པོར་འཛུགས་པ། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དམ་པོར་འཛིན་པ། འགན་འཁྲི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་བདེ་འཇགས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བརྗེ་རེས་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བྱེད་སྒོ་དེ་ཏན་ཏིག་གཏིང་ཟབ་ཀྱི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།