རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་དང་སྐོང་ཚོགས་གནང་ནས་སྲིད་གཞུང་གི་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ས་ཁུལ་དང་སྡེ་ཚན་ཁག་གིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་བྱ་ཐབས་ཁག་དང་འབྲེལ་ཡོད་མི་སྣ་ལས་གནས་ཐོག་དོན་འཁྱོལ་བྱས་ཡོད། སྤྱི་ཡོངས་ནས་བལྟས་ན་དམ་འཛིན་གོ་རིམ་ལྡན་པ་དང་དོན་འཁྱོལ་ཡག་པོ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་བཀོད་སྒྲིག་ལ་གཞིགས་ནས་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱེད་པ་དང་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད།
གཉིས་ནས་ས་ཁུལ་གྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་མཛུབ་ཁྲིད་ཡག་པོ་བྱེད་དགོས། ད་ལོ་རྫོགས་པར་ཟླ་བ་2ལྷག་ཙམ་ལས་མེད་པ་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཡག་ཤོས་རྫོགས་ཉེར་ཡོད་པས་ངེས་པར་དུ་དུས་ཚོད་དམ་འཛིན་བྱེད་པ་དང་། སྤུས་ཚད་དང་། བདེ་འཇགས། མྱུར་ཚད་བཅས་འགན་ལེན་བྱེད་པ། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་ནན་ཏན་ངང་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐད་ཀྱི་བྱེད་ཐབས་ཐབས་བརྒྱ་ཇུས་སྟོང་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་སེམས་ནུས་ཡོད་རྒུས་སྒྲུབ་པ་བཅས་བྱེད་དགོས་པ། དགུན་ཁ་ཤར་ཟིན་པས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་གེགས་འགོག་གེགས་སེལ་གྱི་གྲ་སྒྲིག་ཁག་ཡག་པོ་བྱེད་དགོས། གཞིས་རྩེ་དང་ལྷོ་ཁ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་བླང་བྱར་གཞིགས་ནས “9·18” ས་ཡོམ་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་མྱུར་ཚད་དམ་འཛིན་དང་སྤུས་ཀ་འགན་སྲུང་བྱས་ནས་དགུན་ཁ་ཤར་རྗེས་མང་ཚོགས་རྣམས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཁང་པའི་ནང་སྡོད་ཐུབ་རྒྱུའི་འགན་ལེན་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་སྒོ་ཀུན་ནས་སླར་གསོ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་གལ་ཆེའི་ལས་དོན་ལ་བརྩིས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཏེ་ཁྱིམ་ཚང་ཚང་མས་ཤེས་པ་བྱེད་དགོས།
གསུམ་ནི་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལ་གཞིགས་ནས་ལས་དོན་ཁག་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མི་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྡེ་ཚན་དེ་གའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། ལོ་མཇུག་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་ལོ་འགོའི་དམིགས་ཚད་ལས་འགན་དང་བསྡུར་བ་བྱས་ཏེ་མི་འདང་ས་འཚོལ་གསབ་བྱས་ནས་བསམ་བློའི་ལས་ཀ་འགོ་འཛུགས་ཆེད་རྨང་གཞི་ཡག་པོ་འདིང་དགོས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་སྤྱི་འདོམས་བྱེད་པ་དང་། ད་ལོའི་ལས་དོན་ཁག་ཕྱོགས་སྡོམ་ཡག་པོ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སང་ལོའི་ལས་དོན་ཁག་གི་ཇུས་གཞི་ཡག་པོ་འདིང་བ་བཅས་བྱེད་དགོས།
པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ལས་ཀའི་སྒྲིག་ལམ་རང་རྟོགས་ངང་སྲུང་བརྩི་ཞུ་དགོས་པ་དང་གཅིག་ནས་ལས་གནས་དང་མི་བྲལ་བ་བྱེད་ཐུབ་པ་དང་། གཉིས་ནས་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་རང་རང་སོ་སོའི་འགན་ཡག་པོ་ཁུར་ཏེ་ཚད་མཐོའི་འགན་འཁྲིའི་བསམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་ཡག་པོ་ཁུར་བ་དང་མིག་སྔའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ་ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།