འདི་ནི་བྱམས་པ་ཕུན་ཚོགས་ཀྱིས་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྲོང་ཚོ་གསུམ་པའི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་བཞིན་པའི་གནས་ཚུལ་ཡིན་པ།
ཟླ་10ཚེས་18དང་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་ནག་ཆུ་ས་ཁུལ་གྱི་དཔལ་མགོན་རྫོང་དང་ཤན་རྩ་རྫོང་དང་གཞིས་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་དུ་ཕེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།
བྱམས་པ་ཕུན་ཚོགས་ཀྱིས་དཔལ་མགོན་རྫོང་ཕྱིང་ལུང་ཤང་གྲོང་ཚོ་གསུམ་པར་ཕེབས་ནས་མཐོ་གྲང་འབྲོག་ཁུལ་གྱི་ལྷས་ར་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཤིང་། རྒྱལ་ཁབ་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1.2 བཏང་བ་དང་མང་ཚོགས་ཀྱིས་རང་གྲབས་མ་དངུལ་སྒོར་6000བཏང་ནས་བསྐྲུན་པའི་རྒྱ་ཁྱོན་སྨི་ངོས་གྲུ་150ཡོད་པའི་ཕྱུགས་ཚང་དང་རྒྱ་ཁྱོན་སྨི་ངོས་གྲུ་50ཡོད་པའི་དྲོད་ལྡན་ལྷས་ར་བེད་སྤྱོད་བཏང་རྗེས་མཐོ་གྲང་འབྲོག་ཁུལ་གྱི་ཕྱུགས་རིགས་བདེ་འཇགས་ངང་དགུན་དཔྱིད་སྒྲོལ་རྒྱུ་དང་། རང་བྱུང་གནོད་འཚེ་འགོག་རྒྱུ། འབྲོག་ཟོག་གི་ཐོན་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་པ་མ་ཟད་འབྲོག་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མཁྱེན་སྐབས་བྱམས་པ་ཕུན་ཚོགས་ཀྱིས་དགྱེས་ཚོར་ཆེན་པོས་ལྷན་དུ་ཡོང་བའི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་དང་རྫོང་གི་འགན་འཁུར་བློ་མཐུན་ཚོར་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གྱིས་ཁྱབ་གདལ་བཏང་སྟེ་འབྲོག་པ་མང་ཚོགས་དེ་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཤན་རྩ་གྲོང་རྡལ་གྲོང་ཚོ་དྲུག་པར་བྱམས་པ་ཕུན་ཚོགས་ཀྱིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་ཞིང་། གྲོང་ཚོ་ཡོངས་སུ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་གྱི་མ་དངུལ་སྒོར་ཁྲི་47.6ལྷག་ཙམ་དོན་འཁྱོལ་བྱས་པ་མ་ཟད་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་1832བྱུང་བ་མཁྱེན་སྐབས་ཁོང་གིས་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ལག་བསྟར་བྱས་པ་དེ་ནི་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ང་ཚོའི་རྩྭ་ཐང་ལ “ཁ་གསབ་སྤྲད་དེ་ཕྱུགས་འཚོ་མཚམས་བཞག་པ ”ཞིག་ཡིན་ལ་མང་ཚོགས་ལའང་ཁ་གསབ་དང་བྱ་དགའ་ཐོབ་ནས་འབབ་འཕར་བྱུང་བ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་ནི་ཕན་བདེ་ཞིག་མིན་པའི་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། ས་ཁུལ་དང་སྡེ་ཚན་ཁག་གིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ལག་བསྟར་བྱས་ཏེ་རྩྭ་ཐང་ལ་གཞིགས་ནས་ཕྱུགས་རིགས་ཀྱི་མགོ་གྲངས་གཏན་འཁེལ་དང་མི་དང་། ཕྱུགས་རིགས། རྩྭ་ཐང་བཅས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་དེ་ནི་ང་ཚོའི་མཐོ་གྲང་འབྲོག་ཁུལ་གྱི་ཉམས་ཞན་གྱི་རྩྭ་ཐང་སྣོད་བཅུད་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད་ཡིན་པ་དེ་འབྲོག་པ་མང་ཚོགས་ཚོར་གསལ་པོར་བཤད་དེ་མང་ཚོགས་ལ་མིག་སྔ་དང་ཕུགས་དང་ཆ་ཤས་དང་སྤྱི་ཡོངས་ཀྱི་འབྲེལ་བ་ཡང་དག་པའི་ངང་ཐག་གཅོད་དང་དེ་བས་ལེགས་པའི་སྒོ་ནས་མི་རྩ་བར་འཛིན་པ་དང་སྣོད་བཅུད་སྔོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩྭ་ཐང་འཛུགས་སྐྱོང་དང་སྲུང་སྐྱོང་བེད་སྤྱོད་མཉམ་དུ་བྱ་རྒྱུ་དངོས་འབྲེལ་མངོན་འགྱུར་ཡོང་བ་དང་ས་མཐོའི་འབྲོག་ལས་ཁྱོན་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ཤན་རྩ་རྫོང་གྲོང་ཚོ་གསུམ་པའི་གྲོང་མི་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཚེ་དབང་དང་ད་ཆའི་ཀྲུའུ་རེན་སྐལ་བཟང་དང་གླེང་མོལ་གནང་སྐབས་འབྲོག་པས་ཆེད་ལས་མཉམ་ལས་རྩ་འཛུགས་ལ་བརྟེན་ནས་འབྲོག་ལས་ལ་ཐོན་འཕར་དང་འབྲོག་པར་འབབ་འཕར་བྱུང་བ་མཁྱེན་སྐབས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་ཆེད་ལས་མཉམ་ལས་རྩ་འཛུགས་མུ་མཐུད་རྒྱ་སྟོབས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོ་དེ་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། དཔལ་མགོན་རྫོང་ཕྱིང་ལུང་ཤང་གྲོང་ཚོ་བརྒྱད་པ་དང་། ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་གྲོང་ཚོ་གསུམ་པ། རྣམ་གླིང་རྫོང་མཁར་རྩེ་ཤང་ལུ་གུ་གདོང་གྲོང་ཚོ་སོགས་སུ་བྱམས་པ་ཕུན་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་གཞི་རིམ་ལས་བྱེད་པར་འཚམས་འདྲི་གནང་བ་རེད། བྱམས་པ་ཕུན་ཚོགས་ཀྱིས་རུ་མིའི་ལས་ཀའི་ཚན་པ་དང་། སློབ་གྲྭ་གང་ནས་ཐོན་པ། གཟུགས་པོའི་གནས་ཚུལ། ལས་དོན་སྤེལ་ཚུལ་བཅས་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་ལོ་གཅིག་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཆད་ལུས་མེད་པར་གཏན་འབེབས་ལས་དོན་ལེགས་གྲུབ་དང་རང་འདེམས་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ནས་ཞིང་འབྲོག་ཁུལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་བ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ། བྱ་བ་དངོས་དང་བྱ་བཟང་མང་པོ་སྒྲུབ་པ་བཅས་བྱས་ནས་གཟེངས་སུ་ཐོན་པའི་ལས་དོན་ཐོག་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཞིང་འབྲོག་ཁུལ་གྱི་དམངས་སེམས་གོང་བུར་འགྲིལ་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་ཚོར་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དེ་བས་ཏན་ཏིག་གི་ལས་དོན་ཐོག་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་དགོས་པའི་ཐུགས་རེ་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གཞི་རིམ་ལས་བྱེད་པར་སྔར་བཞིན་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་པ་དང་། ཁོང་ཚོའི་གཟུགས་གཞི་བདེ་ཐང་ལ་ཐུགས་ཁུར་བྱེད་པ། ཁོང་ཚོའི་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གཞི་རིམ་ལས་བྱེད་པར་མཐོང་ཆེ་ཙམ་དང་གཅེས་སེམས་མང་ཙམ་མཚོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་སྐབས་བྱམས་པ་ཕུན་ཚོགས་ཀྱིས་རྣམ་གླིང་རྫོང་མང་ཚོགས་རིག་གནས་ཐང་ཆེན་འཛུགས་སྐྲུན་གྱི་ལས་གྲྭར་གཟིགས་ཞིབ་གནང་ནས་ཐང་ཆེན་འཛུགས་སྐྲུན་ཐད་ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཉམས་འགྱུར་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ་རེད། བྱམས་པ་ཕུན་ཚོགས་ཀྱིས་ད་དུང་དགའ་ལྡན་ཆོས་འཁོར་གླིང་དགོན་གྱི་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་དགའ་ལྡན་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པར་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་བ་ཞིག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
བརྟག་ཞིབ་གནང་རིང་བྱམས་པ་ཕུན་ཚོགས་ཀྱིས་སྔ་རྗེས་སུ་དཔལ་མགོན་རྫོང་དང་། ཤན་རྩ་རྫོང་། རྣམ་གླིང་རྫོང་བཅས་ཀྱི་ལས་དོན་སྙན་སེང་གསན་རྗེས་རྫོང་ཁག་གི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་འཕར་ཚད་མགྱོགས་པ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། གཞི་རིམ་གྱི་རྨང་གཞིར་མངོན་གསལ་དོད་པོས་ཤུགས་སྣོན་ཐེབས་པ། རྨང་བརྟན་དམངས་ཕན་གྱི་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་ཀྱི་ལས་ཀའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང་བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོ་འཛུགས་པ་དང་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་མུ་མཐུད་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ཉམས་ཞན་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་པ། དམིགས་བསལ་གྱི་དུས་མཚམས་དང་དམིགས་བསལ་གྱི་དུས་སྐབས་དམ་འཛིན་ཡག་པོ་བཅས་བྱས་ཏེ “མི་ཐོན་པ་གསུམ ”འགན་ལེན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།