བྱམས་པ་ཕུན་ཚོགས་འདམ་གཞུང་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།
ཟླ་10ཚེས་17ཉིན་བྱམས་པ་ཕུན་ཚོགས་ཀྱིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། འདི་ནི་བྱམས་པ་ཕུན་ཚོགས་ཀྱིས་འདམ་གཞུང་རྫོང་སྙིང་དྲུང་ཤང་ཆུ་ཚན་གྲོང་ཚོར་ས་གནས་དེ་གའི་མཐོ་གྲང་གཉིས་འཕྲོད་ཀྱི་དྲོད་ཁང་སྐྲུན་ཚུལ་ལ་བརྟག་ཞིབ་གནང་བའི་གནས་ཚུལ་ཡིན་པ།
ཟླ་10ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་ཆུ་ཚན་གྲོང་ཚོ་དང་། འབྲི་གཡག་ཁམས་དཀར་འཁྱགས་རིལ་ས་ཚིགས། ཀོང་ཐང་ཤང་། ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་སྡོམ་གསོ་རྟེན་གཞི་སོགས་སུ་ཟབ་འཇུག་གནང་བ་དང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། དེའི་རིང་ད་དུང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དབུལ་སྐྱོར་གསར་སྤེལ། གྲོང་ཚོར་བཅའ་སྡོད་སོགས་ཀྱི་ལས་དོན་སྤེལ་ཚུལ་བརྟག་ཞིབ་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
འབྲོག་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་བྱམས་པ་ཕུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཚེས་17ཉིན་གྱི་ཞོགས་པ་སྔ་པོ་ནས་བྱམས་པ་ཕུན་ཚོགས་ཀྱིས་འདམ་གཞུང་རྫོང་སྙིང་དྲུང་ཤང་དུ་ཡོད་པའི་མཐོ་གྲང་གཉིས་འཕྲོད་ཀྱི་དྲོད་ཁང་དུ་གཟིགས་པར་ཕེབས་པ་རེད། དེར་གནམ་གཤིས་གྲང་ནའང་དྲོད་ཁང་ནང་པད་ཚལ་དང་ཀྲོ་མ་ཀྲུ་སོགས་སྐྱེ་ཚུལ་ལེགས་པ་དང་དྲོད་ཁང་དང་རྟ་སྒ་ཆ་སྒྲིག་བྱས་ནས་བསྐྲུན་པའི་ཕྱི་རོལ་གྱི་ཕྱུགས་ཚང་དེའང་ཕྱུགས་རིགས་དགུན་བརྒལ་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། མཐོ་གྲང་གཉིས་འཕྲོད་ཀྱི་དྲོད་ཁང་དེར་འབྲོག་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། བྱམས་པ་ཕུན་ཚོགས་ཀྱིས་འབྲོག་ཁུལ་མང་ཚོགས་ཀྱི་སྔོ་ཚལ་གྱི་དགོས་མཁོ་སྐོང་ཐུབ་ལ་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཡང་ཐུབ་པའི་མཐོ་གྲང་གཉིས་འཕྲོད་ཀྱི་དྲོད་ཁང་བསྐྲུན་པར་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་འདམ་གཞུང་རྫོང་གིས་སྤྱོད་གོ་སྔར་བས་ཆེ་བ་དང་ཁྱབ་གདལ་གཏོང་རྒྱུར་སྔར་བས་འཚམ་པའི་རྩ་དོན་གཞིར་བཟུང་ས་གནས་དེ་གའི་རྒྱུ་ཆ་བེད་སྤྱོད་གང་མང་བྱེད་པ་དང་འབྲེལ་ངལ་རྩོལ་ནང་ཞུགས་པའི་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བ་བྱ་རྒྱུར་མཐོང་ཆེན་བྱས་ནས་མཐོ་གྲང་གཉིས་འཕྲོད་ཀྱི་དྲོད་ཁང་འཛུགས་སྐྲུན་བྱེད་པའི་མ་གནས་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱ་རྒྱུའི་ཐུགས་རེའང་གནང་བ་རེད།
སྙིང་དྲུང་ཤང་ཆུ་ཚན་གྲོང་ཚོ་དང་། ཀོང་ཐང་ཤང་། ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོ་སོགས་སུ་བྱམས་པ་ཕུན་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོད་པ་དང་། མང་ཚོགས་བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་པ་གསར་པའི་ནང་སྤོས་པ། ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་སྔ་རྗེས་སུ་བསྐྲུན་པ་དང་འབྲེལ་བེད་སྤྱོད་ཀྱང་གཏོང་འགོ་ཚུགས་པ། གྲོང་ཚོའི་ཏང་ཀྲི་པུའུ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་བཅས་ཀྱི་སྣེ་ཁྲིད་འོག་འབྲོག་པ་ཚོས་འབྲི་གཡག་སྡོམ་གསོས་ཀྱི་འབྲོག་པའི་མཉམ་ལས་ཁང་སོགས་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་སྟེགས་བུར་བརྟེན་ནས་འབྲོག་ལས་ཀྱི་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་བ་དང་སྦྲགས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ཡང་ཇེ་མང་དུ་སོང་བ་ལ་སོགས་པའི་གནས་ཚུལ་མཁྱེན་རྗེས་བྱམས་པ་ཕུན་ཚོགས་ཐུགས་བློ་བདེ་ཞིང་སྤྲོ་བར་གྱུར། བྱམས་པ་ཕུན་ཚོགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་ཤང་དང་གྲོང་ཚོའི་ལས་བྱེད་པའི་གྲུབ་འབྲས་གཟེངས་སུ་ཐོབ་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་དུས་མཚུངས་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་ཚོར་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་རོགས་བྱེད་དགོས་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས་པ། མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱ་རྒྱུ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་བཅས་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ། མང་ཚོགས་ཀྱིས་ལབ་གླེང་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས་པ། མང་ཚོགས་ལ་མིག་མཐོང་ལག་འཛིན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་དགོས་པའི་ཐོག་སྤྲོ་སེམས་དེ་བས་འཁོལ་བ་དང་། ཡིད་ཆེས་དེ་བས་བརྟན་པ། བྱེད་ཐབས་དེ་བས་ནུས་ལྡན། སྤྱོད་ཚུལ་དེ་བས་ལེགས་པ་བཅས་ཀྱི་ཐོག་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པའི་བླང་བྱའང་བཏོན་གནང་བ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ཚན་རྩལ་ལ་བརྟེན་ནས་འབྲོག་ལས་དར་རྒྱས་གཏོང་བའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། འདམ་གཞུང་རྫོང་གི་གཡག་གི་ཁམས་དཀར་འཁྱགས་རིལ་ས་ཚིགས་ནི་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་རང་ལྗོངས་སུ་བཙུགས་པའི་གཡག་གི་ཁམས་དཀར་འཁྱགས་རིལ་ཞིབ་འཇུག་དང་འབྲི་གཡག་རྒྱུད་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཚན་རྩལ་དབུལ་སྐྱོར་ཚན་ཞིབ་སྒྲིག་གཞི་ཞིག་རེད། བྱམས་པ་ཕུན་ཚོགས་ཀྱིས་ཁམས་དཀར་འཁྱགས་རིལ་ཐོན་སྐྱེད་ཁང་དང་གསོག་ཉར་ཁང་སོགས་སུ་ཕེབས་ཏེ་འབྲོང་རྒྱུད་འབྲི་གཡག་རྒྱུད་སྤེལ་རྣམ་གྲངས་ལག་བསྟར་བྱས་ཚུལ་ཤེས་རྟོགས་གནང་ཞིང་། རྣམ་གྲངས་ལག་བསྟར་བྱས་རྗེས་འབྲི་གཡག་གི་རྒྱུད་པ་ཉམས་རྒུད་འགྲོ་བ་དང་། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་རྒྱུ། ཕྱུགས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་པ་དང་། འབྲི་གཡག་རྒྱུད་སྤེལ་བྱེད་ཚད་དང་། བཤས་གཏོང་ཚད། འོ་མ་ཐོན་ཚད་བཅས་ཆེ་རུ་གཏོང་བ། རྒྱ་ཆེའི་འབྲོག་པའི་ཡོང་འབབ་མང་དུ་ནུས་ལྡན་གཏོང་བའི་བྱེད་སྟངས་ལ་གདེང་འཇོག་ཆེན་པོ་གནང་བ་རེད། དུས་མཚུངས་སུ་ཁོང་གིས་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་ཆུ་ཚད་མཐོ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་མཐོ་རུ་དང་ཁྱབ་གདལ་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་འབྲོག་ལས་འཕེལ་རྒྱས་གཏོང་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།
ཚེས་17ཉིན་གྱི་ཕྱི་དྲོ་བྱམས་པ་ཕུན་ཚོགས་ཀྱིས་འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་འདམ་གཞུང་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འདམ་གཞུང་རྫོང་ནི་ངའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ལས་དོན་གྱི་འབྲེལ་གཏུགས་ས་ཚིགས་ཤིག་ཡིན། ལོ་གཅིག་སོང་རྗེས་སླར་ཡང་འདམ་གཞུང་རྫོང་དུ་ཡོང་བའི་དུས་དེར་ས་གནས་དེ་གའི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་བྱུང་བ། འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཇེ་མཐོར་སོང་བ། མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་བྱ་གཞག་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་མངོན་གསལ་དོད་པོ་ཐེབས་པ་བཅས་མཐོང་བྱུང་ཞེས་གསུངས་པ་དང་། ཁོང་གིས་འདམ་གཞུང་རྫོང་ལ་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྷ་ས་གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཆབས་ཅིག་བློ་རྩ་བརྟན་པོས་གསར་གཏོད་དང་། སྔོན་དུ་ལག་ལེན་དང་ཚོད་ལྟ། གསར་འབྱེད་ཡར་བརྩོན་བཅས་བྱེད་པའི་ཐོག་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ལས་ཚན་རྩལ་ཆུ་ཚད་མཐོ་རུ་བཏང་སྟེ་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་འབྲོག་ལས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ལ་བརྟེན་པ་དང་། ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་ལམ་མང་པོ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་གླ་ཆའི་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐོག་ནས་མཐོ་གྲང་འབྲོག་ཁུལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་གསར་གཏོད་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་དེ་ལྗོངས་ཡོངས་ཀྱི་འབྲོག་ཁུལ་འཕེལ་རྒྱས་གཏོང་ཕྱིར་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་མཁོ་འདོན་བྱས་ནས་ལྗོངས་ཡོངས་ཀྱི་འབྲོག་ཁུལ་འཕེལ་རྒྱས་གཏོང་ཕྱིར་དཔེ་སྟོན་དང་། ཁྱབ་འགྱེད། སྐུལ་ཁྲིད་བཅས་ཀྱི་ནུས་པ་ཞིག་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ། ཁོང་གིས་ད་དུང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཐོག་བརྟན་ལྷིང་སྲུང་སྐྱོང་གི་གལ་ཆེན་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པ་དང་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང་བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོར་འཛུགས་དགོས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་གི་འབྲེལ་བ་ཟབ་ཏུ་གཏོང་དགོས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཆེ་བར་མཐུན་སྒྲིལ་བྱེད་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆེས་ཉུང་ཤས་ཁེར་རྐྱང་དུ་འཇོག་དགོས་ལ་རྡུང་རྡེག་ཀྱང་གཏོང་དགོས། བརྟན་ལྷིང་ལ་སྲུང་སྐྱོང་ཤུགས་ཆེན་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་དང་། བརྟན་ལྷིང་སྲུང་སྐྱོང་གི་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་ཡག་པོ། དམིགས་བསལ་གྱི་དུས་མཚམས་དང་དམིགས་བསལ་གྱི་དུས་སྐབས་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ “མི་ཐོན་པ་གསུམ ”བྱེད་ཐུབ་པ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།
ཆེ་དགྲ་ལྷ་ཡིས་གསུང་བཤད་གནང་སྐབས་ལྷ་ས་གྲོང་ཁྱེར་དང་འདམ་གཞུང་རྫོང་ལ་གྲོང་ཁྱེར་དང་རྫོང་གི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་འདེད་ནུས་ལྡན་བཏང་ནས་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་དང་ཆབས་ཅིག་ཁོང་གིས་འདམ་གཞུང་རྫོང་ལ་ཁུལ་ཁོངས་དང་། འགྲིམ་འགྲུལ། ཐོན་ཁུངས་སོགས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལས་དོན་གསུམ་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣