ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྷ་སར་རང་ལྗོངས་སུ་འཚམས་འདྲིར་ཕེབས་པའི་ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེ་མོ་བ་ཧའོ་ཨེར་ཧོ ·ཀྭ་ཧའར་ཏོ་དང་མཇལ་འཛོམས་གནང་ཞིང་ཕྱོགས་གཉིས་པོས་མཛའ་བརྩེའི་གྲོས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་ལྷན་དུ་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།
པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཧའོ་ཨེར་ཧོ ·ཀྭ་ཧའར་ཏོ་རང་ལྗོངས་སུ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་རང་ལྗོངས་ཀྱི་གཞི་རྩའི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་ད་ཆའི་བོད་ལྗོངས་ནི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་བཞིན་ཡོད། འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ཀྱི་དར་རྟགས་འཕྱར་ཏེ་ཀྲུང་གོར་ངོ་རྒོལ་བྱེད་པའི་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་གི་ཡོད། བོད་ཀྱི་བྱ་བ་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་བོད་འབྲེལ་གྱི་གནད་དོན་དེ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་ཀྱི་བརྩེ་དུང་དང་འབྲེལ་བ་ཡོད་པས་ཕྱི་རྒྱལ་གྱིས་ཐེ་ཇུས་བྱེད་མི་ཆོག་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་ད་ལོ་ནི་ཀྲུང་མོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བ་དང་ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་གཉིས་དབར་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བའི་འཕེལ་ཕྱོགས་ཐོན་པ་དང་བོད་རང་སྐྱོང་ལྗོངས་ཀྱིས་མོ་ཞི་ཁོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཛའ་གྲོགས་སྤེལ་རེས་དང་དངོས་དོན་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་འདོད་ཡོད། གཞུང་ཚབ་ཆེ་མོ་བ་ཧའོ་ཨེར་ཧོ ·ཀྭ་ཧའར་ཏོ་ཡིས་ད་རེས་ཀྱི་གཟིགས་སྐོར་འཚམས་འདྲིའི་གོ་སྐབས་སྤྱད་དེ་བོད་ཀྱི་གནས་ཚུལ་དངོས་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངོ་མ་དང་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བཞིན་པའི་བོད་ལྗོངས་ཤིག་མོ་ཞི་ཁོའི་མི་དམངས་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་དེ་བས་མང་བ་ཞིག་ལ་ངོ་སྤྲོད་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧའོ་ཨེར་ཧོ ·ཀྭ་ཧའར་ཏོ་ཡིས་མཇལ་འཛོམས་གནང་སྐབས་ད་རེས་ནི་རང་ཉིད་ཀྲུང་གོའི་བོད་ལྗོངས་སུ་ཡོང་ཐེངས་དང་པོ་ཡིན་པ་དང་བོད་ཀྱི་ཐུན་མོང་མིན་པའི་མཛེས་ལྗོངས་དང་མི་དམངས་སེམས་རྩ་འཁོལ་པོ་ཡོད་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་པ་རེད། ཁོང་གིས་དེ་བས་དགེ་མཚན་ལྡན་པའི་སྒོ་ནས་ཀྲུང་མོའི་མཛའ་གྲོགས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། བོད་རང་སྐྱོང་ལྗོངས་དང་མི་སྣ་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡུལ་སྐོར་སྤྲོ་འཆམ་དང་རིག་གནས་སོགས་ཁྱབ་ཁོངས་སུ་བོད་དང་མཉམ་ལས་བྱེད་པ། མོ་ཞི་ཁོའི་མང་ཚོགས་དེ་བས་མང་བ་ཞིག་གིས་བོད་དུ་ཐོན་པའི་ངོ་མཚར་མཐོང་བ་བྱེད་པ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
མཇལ་འཛོམས་མ་གནང་གོང་ཧའོ་ཨེར་ཧོ ·ཀྭ་ཧའར་ཏོ་ཡིས་རང་སྐྱོང་ལྗོངས་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་ནས་ཕྱོགས་གཉིས་དབར་ཡུལ་སྐོར་སྤྲོ་འཆམ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་སྐོར་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་མཇལ་འཛོམས་གནང་སྐབས་ཕེབས་ཡོད་པ་རེད།