དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་དང་ཝུའུ་དབྱིང་ཅེས་ལྷ་སའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་ཀྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་ལྗོངས་སུ་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་ཤིང་། ཟླ་10ཚེས་18ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་སྡེ་ཁུལ་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་ཕེབས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་ཀྱི་ལས་དོན་སྤེལ་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། བསྲུང་བྱ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་བཅས་ལའང་བྱམས་བརྩེའི་ངང་གཟིགས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏུང་ཡུན་ཧུའུ། ལེའང་ཐེན་ཀེང་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

        ཧའོ་ཕུང་དང་ཝུའུ་དབྱིང་ཅེ་བཅས་པ་དང་ཐོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་དུ་ཕེབས་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་ལས་དོན་སྤེལ་རིང་གི་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ལས་དོན་ས་ཚིགས་དང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན། སྡེ་ཁུལ་གྱི་ཉེན་རྟོག་ཁང་བཅས་ཀྱི་ཞིབ་ཕྲའི་འགན་ནུས་གང་ཡིན་མིན་ཤེས་རྟོགས་གནང་བ་དང་ཆབས་ཅིག་སྡེ་ཁུལ་གྱི་ཉེན་རྟོག་ཕྱོགས་བསྡུས་བེད་སྤྱོད་སྟེགས་བུ་དང་དྲ་མིག་ཅན་གྱི་སྤྱི་ཚོགས་ཞབས་ཞུ་དོ་དམ་ཆ་འཕྲིན་མ་ལག་བེད་སྤྱོད་གཏོང་ཚུལ་ཡང་ཤེས་རྟོགས་གནང་བ་རེད། ཧའོ་ཕུང་དང་ཝུའུ་དབྱིང་ཅེ་ཡིས་ལས་དོན་སྤེལ་ཚུལ་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱེད་རིང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་དང་། ཞབས་ཞུ་དོ་དམ་གྱི་ཐོན་ཁུངས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱེད་པ། སྡེ་ཁུལ་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྡེ་ཁུལ་འདི་ཉིད་དོ་དམ་རིམ་ལྡན་དང་། ཞབས་ཞུ་འཐུས་ཚང་། ཡ་རབས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་འཚོ་བའི་ཐུན་མོང་རྩ་འཛུགས་ཤིག་ཏུ་དངོས་འབྲེལ་འཛུགས་སྐྲུན་བྱེད་དགོས་པའི་ནན་གསུངས་གནང་བ་རེད། བར་སྐོར་གྱི་ལྷོ་ནུབ་མཚམས་སུ་ཡོད་པའི་བདེ་བཤེར་བྱ་ཡུལ་དུ་ཧའོ་ཕུང་དང་ཝུའུ་དབྱིང་ཅེ་དང་བཅས་པས་བདེ་བཤེར་གྱི་ལས་འགན་སྒྲུབ་བཞིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ཤིང་། ཁྲིམས་འཛིན་ནན་པོ་བྱེད་པ་དང་ཡ་རབས་ཚུལ་ལྡན་གྱི་སྒོ་ནས་བསྲུང་བྱ་བྱེད་པའི་ཁོང་ཚོའི་ལས་ཀའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ཁོང་ཚོར་ཁྱེད་ཚོར་དཀའ་ལས་མང་པོ་བྱུང་སོང་ཞེས་གསུངས་པ་རེད། ཨན་ཧུའེ་དང་ཁྲུང་ཆིང་ནས་ཡིན་པའི་བུད་མེད་ཉེན་རྟོག་པ་གཉིས་ཡོད་པ་དེ་ལས་ཀར་ཞུགས་གྲབས་ཡིན་པའི་གནས་ཚུལ་མཁྱེན་རྗེས་ཧའོ་ཕུང་གིས་ཁོང་གཉིས་ལ་ལས་ཀའི་ཞོར་དུ་བོད་སྐད་ནན་ཏན་ངང་སྦྱོང་བ་དང་། བོད་ཀྱི་དམངས་སྲོལ་གོམས་འདྲིས་ཤེས་རྟོགས་བྱེད་པ། བོད་རིགས་མང་ཚོགས་དང་སྐད་ཆ་མང་ཙམ་ཤོད་པ་བཅས་བྱས་ཏེ་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བཀའ་སློབ་གནང་བ་རེད།

        ཧའོ་ཕུང་དང་ཝུའུ་དབྱིང་ཅེ་བཅས་པས་དེ་རྗེས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ་ཉེན་རྟོག་པ་བཀོད་སྒྲིག་བྱ་ཚུལ་དང་དེ་བཞིན་ལས་རེས་དང་སྣེ་ཁྲིད་བྱ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེས་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་བསམ་བློ་གཏོང་ཕྱོགས་མང་དུ་བཏང་བ་དང་ཆབས་ཅིག་དམངས་ཕན་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་དམངས་ལ་ཕན་པ་འདོགས་པའི་རྐང་འཁོར་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པ་དང་འབྲེལ་དམངས་ཕན་རྐུབ་སྟེགས་དང་སྒྲོག་ཙེ་སོགས་མང་དུ་བཏང་བར་རྒྱ་ཆེའི་གྲོང་མིའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ཧའོ་ཕུང་དང་ཝུའུ་དབྱིང་ཅེ་ཡིས་ཁྱེད་ཚོའི་བྱེད་སྟངས་དེ་ཡག་པོ་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་བ་རེད།

        བརྟག་ཞིབ་གནང་རིང་ཧའོ་ཕུང་དང་ཝུའུ་དབྱིང་ཅེ་ཡིས་གཞི་རིམ་སྡེ་ཁུལ་གྱི “སྲུང་སྐྱོང་བཞི ”ཡི་རུ་མིར་ཕྱག་བཏང་ནས་ཁྱེད་ཚོས་སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ཕྱིར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཧའོ་ཕུང་དང་ཝུའུ་དབྱིང་ཅེ་ཡིས་ད་དུང་བར་སྐོར་གནའ་གྲོང་དོ་དམ་ཨུ་ཡོན་ལྷན་ཁང་དང་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་སུ་ཕེབས་ཏེ་ལས་དོན་མི་སྣ་དང་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་སྦྲགས་བར་སྐོར་གནའ་གྲོང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྤེལ་ཚུལ་དང་ཁོངས་གཏོགས་ཀྱི་བདེ་སྲུང་དོ་དམ་བྱ་ཚུལ་ཡང་ཤེས་རྟོགས་གནང་བ་རེད།

        ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་སྙན་ཞུ་གསན་རྗེས་ཧའོ་ཕུང་གིས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ལྷ་སར་མི་འགྲུལ་མང་ལ་ཟོག་འགྲུལ་ཆེ་བས་འགལ་བ་སྣ་ཚོགས་ཐོན་སླ་བ་དང་སྤྱི་ཚོགས་དོ་དམ་གྱི་ལས་འགན་ལྕི་པོ་ཡོད། དུས་ཡུན་རིང་པོའི་ནང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཡོད་ལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལྗོངས་ཡོངས་སུ་མུ་མཐུད་བརྟན་ལྷིང་ཡོང་བ་བྱ་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྷག་པར་དུ་ན་ནིང་ཚུན་དུ་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་འོག་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་དེ་ཡོངས་ཀྱི་ལས་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། ཕྱོགས་ཁག་གི་བསྲུང་བྱ་བྱེད་མཁན་མཉམ་འབྲེལ་འགོག་སྲུང་སྟོབས་ཤུགས་བཅས་ཀྱིས་བསྟུད་མར་དམག་འཐབ་བྱས་ཤིང་། ཚང་མས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་ལེགས་པར་སྤེལ་བ་དང་ཕྱོགས་གཅིག་དུས་བདེ་ཡོང་བ་བྱས་ཏེ་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བྱེད་པའི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས་པ་རེད།

        ཝུའུ་དབྱིང་ཅེ་ཡིས་སྙན་ཞུའི་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ལྷ་ས་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་ཐོག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་དགོས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་འབྲེལ་ཡོད་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།