དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་སྔོན་གཏོད་ལེཌ་བརྩོན་བྱེད་སྒོའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

       བོད་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་སྤེལ་བའི་ཉམས་མྱོང་ཕྱོགས་སྡོམ་དང་སྤེལ་རེས་བྱས་ཏེ་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཡོང་རྒྱུར་བཀོད་སྒྲིག་བྱ་ཆེད་ཚེས་15ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཧའོ་ཕུང་གིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཁྲོད་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་བདུན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། བྱེད་སྒོ་དེ་2010ལོར་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས “ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ ”བཅས་ཀྱི་དམིགས་ཚད་དང་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པ་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱ་རྒྱུས་བརྗོད་བྱ་གཙོ་བོར་བྱེད་པ་དང་། “སྣེ་ཁྲིད་གཅིག་དང་། སྟོབས་ཆེ་གཉིས། མཐོར་གཏོང་གསུམ ”བཅས་ཀྱིས་གཞི་རྟེན་གཙོ་བོ་བྱེད་པ། རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུས་བྱེད་གཞི་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་སྦྲགས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཁྲོད་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བ། སྔོན་གཏོད་ལེགས་བརྩོན་བྱེད་སྒོར་ཐོབ་པའི་ཕན་པར་སྤྱི་ཚོགས་ལས་རིགས་ཁག་གིས་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་པ་བཅས་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།

        སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གལ་ཆེའི་མཆན་འགོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་ལྷག་དོན་དུ་བློ་མཐུན་ལི་ཡོན་ཁྲའོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ཉེ་དུས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་བཀོད་སྒྲིག་བླང་བྱར་གཞིགས་ནས་ཧའོ་ཕུང་གིས་བླང་བྱ་ལྔ་བཏོན་གནང་བ་སྟེ། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་བསམ་བློ་ལེགས་གཏོང་ཐད་སྔོན་གཏོད་ལེགས་བརྩོན་བྱེད་པ་དང་། གཉིས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་རྩ་འཛུགས་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་བྱེད་པ། གསུམ་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་ཐད་སྔོན་གཏོད་ལེགས་བརྩོན་བྱེད་པ། བཞི་ནས་སྤྱོད་བཟང་གི་གཟུགས་བཪྙན་གཏོད་དེ་རུལ་རྒོལ་གཙང་སྤེལ་བྱ་རྒྱུའི་ཐད་སྔོན་གཏོད་ལེགས་བརྩོན་བྱེད་པ། ལྔ་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ལམ་སྲོལ་འཛུགས་སྐྱོང་ཐད་སྔོན་གཏོད་ལེགས་བརྩོན་བྱེད་དགོས་པ་བཅས་རེད།

        ལེའང་ཐེན་ཀེང་གིས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་ལམ་ལུགས་ཅན་དང་། རྒྱུན་གཏན་ཅན། ཕུགས་ཕན་བཅས་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ལས་ཀའི་བླང་བྱ་བཏོན་གནང་བ་རེད།

        ཉིང་ཁྲི་ས་ཁུལ་སོགས་ཚན་པ (ས་ཁུལ )5ཡིས་ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་དང་། ལས་རིགས་ཁོངས་གཏོགས། རྫོང་དང་། གྲོང་ཁྱེར། ཆུས། སྐར་ཁུང་ཚན་པ། ཞབས་ཞུའི་ལས་རིགས། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་ཚབ་བྱས་ནས་ཉམས་མྱོང་སྤེལ་རེས་བྱས་ཤིང་། ཚོགས་འདུ་དེ་བཪྙན་འཕྲིན་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་སུ་ཚོགས་ར་གཙོ་བོ་བཙུགས་པ་དང་འབྲེལ་ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང (གྲོང་ཁྱེར་དང་ཆུས )ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།